Saturday, 12 December 2020

བོད་ཡིག་ཡག་པོ་ཆགས་ཐབས།

 

སུམ་རྟགས་དག་གསུམ་མ་སྦྱངས་པར།།

བོད་ཡིག་ཡག་པོ་ཆགས་ཐབས་མེད།།

སུམ་ཅུ་པ་ལ་སྦྱངས་བྱས་ན།།

ཕྲད་དང་རྣམ་དབྱེའི་སྦྱོར་ཚུལ་ཤེས།།

 

རྟགས་འཇུག་གཞུང་ལ་སྦྱངས་བྱས་ན།།

བྱ་ཚིག་རྣམས་ཀྱི་འགྲོ་སྟངས་ཤེས།།

དག་ཡིག་གཞུང་ལ་སྦྱངས་བྱས་ན།།

མིང་དང་ཚིག་གི་དག་ཆ་ཤེས།།

 

དེས་ན་བརྒྱད་པའི་སློབ་ཕྲུག་ཚོ།།

རྣམ་གཡེང་བྱས་ནས་མ་བསྡད་པར།།

སུམ་རྟགས་དག་གསུམ་ལ་བརྩོན་ནས།།

བོད་ཡིག་ཡག་པོ་ཆགས་ཐབས་གྱིས།།

སློབ་གྲྭའི་ཚོང་འདུས་ལ་ཕེབས་དང་།

 

ལོ་ངོ་གཅིག་གི་ནང་ལ།།

ཉིན་མ་སུམ་བརྒྱ་རེ་ལྔ།།

ཉིན་གྲངས་དེ་ཚོའི་ནང་ལ།།

སློབ་གྲྭའི་ཚོང་འདུས་ཉིན་གཅིག།

 

དམིགས་བསལ་ཉིན་མོ་འདི་ལ།།

དགའ་དགའ་སྤྲོ་སྤྲོའི་ངང་ནས།།

ང་ཚོ་སློབ་གྲྭའི་ནང་ལ།།

འཚང་ཀ་ཤིག་ཤིག་ཕེབས་དང་།།

 

ཞིམ་པའི་ཟས་རིགས་མཆོད་དང་།།

སྐྱིད་པའི་རྩེད་མོར་རོལ་དང་།།

སྙན་པའི་དགོད་སྒྲ་སྒྲོགས་ཀྱིན།།

དགའ་དགའ་སྐྱིད་སྐྱིད་གནོངས་དང་།།

སེམས་གཏམ།

རང་ཉིད་ཕུང་བར་བྱེད་པ་ཡི།།

དངོས་ལ་ལོངས་སུ་སྤྱོད་པ་ནི།།

སེམས་ལྡན་མི་ཡི་ལས་མིན་པས།།

དེ་ལས་བྲལ་བར་གྱིས་ཤིག་ཨང་།།

 

ཁྱིམ་ཚང་སྡུག་ལ་སྦྱོར་བྱེད་པའི།།

ལས་དེ་གང་ཞིག་ཡིན་ན་ཡང་།།

ལས་དེ་སྤོང་བར་བྱེད་པ་ནི།།

སེམས་ལྡན་མི་ཡི་མཚོན་རྟགས་ཡིན།།

 

རང་གི་ཡོན་ཏན་ལ་བརྟེན་ནས།།

ཐོབ་པའི་ཆེ་མཐོང་རིན་ཆེན་ནོར།།

བརླག་པར་བྱེད་པའི་བྱ་བ་ནི།།

ནམ་ཡང་སྤང་བྱར་གཟུང་བར་བྱ།།

 

༢༠༢༠།༠༣།༢༠

Friday, 11 September 2020

བོད་ཕྲུག་དང་བོད་ཡིག

བོད་ཡིག་སྦྱོང་བའི་འདོད་པ།།

གལ་སྲིད་ཁྱེད་ལ་མེད་ན།།

བོད་ཡིག་སློབ་པའི་འདོད་པ།།

ང་རང་ལ་ཡང་མེད་དོ།།


བོད་པའི་མིང་ཞིག་ཁུར་ནས།།

བོད་པའི་ཐོབ་ཐང་ལེན་བཞིན།།

བོད་ཡིག་གང་བྱུང་འབྲི་བ།།

ཞབས་འདྲེན་མིན་ན་ཅི་རེད།།


བོད་ཀྱི་ལུང་པའི་ནང་ལ།།

བོད་ཡིག་སྦྱོང་དབང་མི་འདུག།

བཙན་བྱོལ་སྤྱི་ཚོགས་ནང་ལ།།

བོད་ཡིག་སྦྱོང་མཁན་མི་འདུག།


༢༠༢༠།༠༧།༠༨ ཉིན་སེམས་པ་སྐྱོ་བའི་སྐབས་སུ་བྲིས།


ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།