Sunday, 9 December 2012

རང་བཞིན་བརྗོད་པའི་རྒྱན་གྱི་རང་རྩོམ་དཔེར་བརྗོད།

༡༌༡།    རིགས་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད།
            ༡༌༡༌༡།   ལུས་ཚད་ཆུང་ཞིང་རྐང་དྲུག་ཅན།།
                        མགོ་ལ་ཚོར་བྱེད་གཉིས་དང་ལྡན།།
                        མིག་མེད་མགྱོགས་ཤིང་ནུས་སྟོབས་ཆེ།།
                        གྲོག་མ་རྣམས་ནི་མངར་ལ་དགའ།།


            ༡༌༡༌༢།   གཞུང་རྟ་རིང་ཞིང་ཕྲ་སྦོམ་རན།།
                        ལོ་འདབ་ལྗང་ཞིང་ཁ་ཞེང་ཆེ།།
                        འབྲས་བུ་མཁྲེགས་ཤིང་སྤྱོད་སྒོ་མང་།།
                        བེ་ཏའི་སྡོང་པོ་(Coconut Tree)དག་ནི་བཟང་།།

            ༡༌༡༌༣།   ལུས་བོངས་ཆུང་ཞིང་སྐད་སྒྲ་ཕྲ།།
                        འདུག་སྟེགས་སྔོན་དུ་སྟོང་ཆ་ཅན།།
                        སྤྱོད་སྟབས་བདེ་ཞིང་སྤྱོད་སྒོ་ཆེ།།
                        ཊི་ཝི་ཨེ་སིའི་འཕྲུལ་རྟ་(TVS Bike)མཚར།།

            ༡༌༡༌༤།  ལུས་པོ་ཆུང་ཞིང་ཁ་དོག་ནག།
                        གཤོག་པ་སྲབ་ཅིང་ཟིར་སྒྲ་ཅན།།
                        མདུང་ནི་རྣོ་ངར་ལྡན་པ་ཡི།།
                        དུག་སྦྲང་འདི་དག་གཉིད་ཀྱི་དགྲ།
༡༌༢།    བྱ་བ་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད།
            ༡༌༢༌༡།   ཡིག་རྩིས་འཇུག་འདོན་ཉར་ཚགས་བྱེད།།
                        གླུ་དང་གློག་བརྙན་བཟོ་སྟོན་བྱེད།།
                        དཔར་སོགས་གཏུབ་སྒྲིག་བྱེད་པ་ཡི།།
                        གློག་ཀླད་དག་གིས་ལས་མང་བྱེད།།
                       
                        ༡༌༢༌༢།   རྩ་བས་ས་གཞི་སྲ་བརྟན་འཛིན།།
                                    ཡལ་འདབ་དག་གིས་བསིལ་གྲིབ་སྦྱིན།།
                                    འབྲས་བུས་བཀྲེས་སྐོམ་སེལ་བ་ཡི།།
                                    ཤིང་སྡོང་དག་ནི་དགོས་མཁོ་ཆེ།།

                        ༡༌༢༌༣།   སྐོམ་ལ་ཞིམ་མངར་ཁུ་བ་སྟེར།།
                                    བཀྲེས་ལ་བཅུད་ལྡན་བཟའ་བྱ་སྦྱིན།།
                                    ཚ་ལ་བསིལ་གྲིབ་སྟོབ་པ་ཡི།།
                                    བེ་ཏའི་སྡོང་པོ་ངོ་མཚར་ཆེ།།

                        ༡༌༢༌༤།  སྔ་ལངས་འཕྱི་ཉལ་བྱས་ཏེ་སློབ་ལ་བརྩོན།།
                                    འཛིན་གྲྭ་ཁག་ལ་ཉིན་ལྟར་ཆག་མེད་བསྐྱོད།།
                                    དགེ་རྒན་ལ་གུས་ནང་ཁུལ་མཐུན་ལམ་བྱེད།།
                                    སྦེལ་ཀོབ་སློབ་མར་ཤེས་སྤྱོད་གཉིས་ཀ་ལྡན།།
                                   

          ༡༌༣།    ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད།
                        ༡༌༣༌༡།   རྒྱ་མིའི་དམ་དྲག་རྐྱེན་གྱིས་ཡུན་རིང་ཞིག།
                                    ཨ་མའི་གསུང་སྐད་མ་ཐོས་གནས་པའི་ཚེ།།
                                    གསུང་ཐོས་བདེ་འཚམ་ཡིན་ལུགས་ཤེས་པ་ཡིས།།
                                    སེམས་པ་དགའ་ཞིང་མིག་ཆུ་དབང་མེད་ཤོར།།

                        ༡༌༣༌༢།   བར་སེང་ཏིང་སྒྲ་བསྒྲགས་པ་ཡིས།།
                                    སློབ་མ་རྣམས་ནི་འཚང་བཞིན་དུ།།
                                    འཛིན་གྲྭའི་ཕྱི་རུ་འདོན་བྱེད་ཅིང་།།
                                    ཟ་ཁང་ཕྱོགས་སུ་རྒྱུག་པར་རྩོམ།།

                        ༡༌༣༌༣།   ༸གོང་ས་ཡིད་བཞིན་ནོར་བུའི་འཛུམ་ལྡན་ཞལ།།
                             མཇལ་བ་ཉིད་ཀྱིས་དད་པའི་སྤུ་གཡོས་ཤིང་།།
                                    ལག་གཉིས་ཐལ་མོར་སྦྱར་ཞིང་མགོ་བོ་འདུད།།
                                    བླ་མ་སྐུ་ཚེ་རིང་བའི་སྨོན་འདེབས་ཞུས།།

                        ༡༌༣༌༤།  འབད་པས་འཁྲབ་སྟོན་ཞུས་པའི་མཐའ་མ་ལ།།
                                    ཕྱི་ཉིན་གུང་སེང་ཡིན་ཚུལ་བསྒྲགས་པ་ཡིས།།
                                    དགའ་བ་རབ་ཏུ་འཕེལ་ཏེ་ཐལ་མོ་བརྡབས།།
                                    ལུས་ཀྱི་ངལ་དུབ་སངས་པའི་སྣང་བ་སྐྱེས།།


          ༡༌༤།   རྫས་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད།
                        ༡༌༤༌༡།  སྤྱན་ལ་སྒོར་བའི་སྤྱན་ཤེལ་མནབས།།
                                    སྐུ་ལ་དཀར་བའི་རས་གོས་བཀླུབས།།
                                    ཞབས་ལ་ཤིང་གི་བསིལ་ལྷམ་བཞེས།།
                                    རྒྱ་གར་མེས་པོ་གྷན་དྷི་(Gandhi)རྒྱལ།།

                        ༡༌༤༌༢།  བཞིན་ལས་ཡིད་འོང་འཛུམ་མདངས་འཕྲོ།།
                                    སྐུ་ལ་ངུར་སྨྲིག་གོས་ཀྱིས་བཀླུབས།།
                                    ཞི་བདེ་སྤེལ་ལ་ཟླ་མེད་མཆོག །
                                    ༸སྐྱབས་མགོན་ཡིད་བཞིན་ནོར་བུར་འདུད།།

                        ༡༌༤༌༣།  ལུས་ལ་རྒྱ་གར་སཱ་རི་(Sari)མཚར། །
                                    གློག་བརྙན་འཁྲབ་པའི་རྩལ་དང་ལྡན།།
                                    སྣ་ལ་ཨ་ལོང་རྟག་ཐོགས་པའི།།
                                    འདྲེན་མ་སོ་ནཀ་ཥི་ (Sonakshi) དེ་མཛེས།།

                        ༡༌༤༌༤། དབུ་ལ་ཟུར་ཕུད་ལྔ་ཡིས་བརྒྱན།།
                                    ཕྱག་གཡས་རལ་གྲི་གནས་པ་དང་།།
                                    གཡོན་དུ་གླེགས་བམ་འཆང་བ་ཡི།།
                                    འཇམ་དཔལ་དབྱངས་ལ་གུས་ཕྱག་འཚལ།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།