༢༌༡། ཆོས་དཔེ།
༢༌༡༌༡། སྐུ་གཟུགས་རི་རྒྱལ་བཞིན་དུ་བརྗིད།།
གསུང་སྐད་ཁུ་བྱུག་གླུ་ལྟར་སྙན།།
ཐུགས་ནི་ཀུན་གསལ་ལྟ་བུར་ཡངས།།
འཕྲིན་ལས་འོད་མཚུངས་ཀུན་ཏུ་ཁྱབ།།
༢༌༡༌༢། མཁྱེན་པ་ཆུ་གཏེར་ལྟ་བུར་བརླིང་།།
ཐུགས་བརྩེ་རླུང་བཞིན་ཀུན་ལ་སྙོམས།།
ནུས་མཐུ་ཉི་ཟེར་དང་མཐུན་གདུང་བ་སེལ།།
འདི་ཕྱིའི་སྐྱབས་གཅིག་ཁྱེད་ལ་འདུད།།
༢༌༡༌༣། ཚེ་དབང་ལྷ་མོའི་སྐྱེས་གཟུགས་དེ།།
ཙ་རིའི་སྙུག་མ་ཇི་བཞིན་དྲང་།།
གླུ་མ་གང་དེའི་གསུང་སྐད་ནི།།
བྱིའུ་ཆུང་འཇོལ་མོའི་གླུ་མཚུངས་སྙན།།
༢༌༡༌༤། ཕྱོགས་བཞིར་གངས་ཀྱི་རི་བོས་མཛེས་པར་བསྐོར།།
ནང་དུ་མཚོ་ནགས་སྲོག་ཆགས་གཏེར་གྱིས་གཏམས།།
འཛམ་གླིང་ཡང་རྩེར་གནས་པའི་གངས་ལྗོངས་དེ།།
འཆི་མེད་ཡུལ་བཞིན་མཛེས་ཤིང་ལྟ་ན་སྡུག
༢༌༢། དངོས་དཔེ།
༢༌༢༌༡། ཡོད་ཚད་བསྐྱུར་ཏེ་མི་ཡུལ་འགྲིམས་པའི་ཚེ།།
ཟས་གོས་གནས་མལ་དཀའ་སྡུག་མཐའ་དག་སེལ།།
གནའ་དེང་ཤེས་ཡོན་བསྩལ་ཏེ་སྐྱེད་སྲིང་གནང་།།
གསར་འབྱོར་ང་ཚོར་བོད་ཁྱིམ་ཕ་མ་བཞིན།།
༢༌༢༌༢། ཁྱེད་སྐུ་གྲུ་འཛིན་གཉིས་པ་བཞིན།།
གསུང་ནི་ལྷ་ཡི་རྔ་བོར་འགྲན།།
ཐུགས་ནི་ལྷ་ཡི་རྫིང་རིང་འདྲ།།
འཕྲིན་ལས་རྟ་བདུན་དབང་པོར་འཁུ།།
༢༌༢༌༣། ཇི་ཙམ་ཉན་ཡང་གཟན་པར་མི་འགྱུར་ཞིང་།།
ཡང་ཡང་ཐོས་པའི་བློ་ནི་འཕེལ་བ་ཡི།།
བྱམས་ལྡན་ཡུམ་ཆེན་གང་གི་གསུང་སྐད་ནི།།
སྙན་པ་བཟང་ལྡན་གྱི་ནི་དབྱངས་དང་མཚུངས།།
༢༌༣། བཟློག་དཔེ།
༢༌༣༌༡། བློ་གསར་ཚོགས་རྣམས་རིག་པར་སྤྲོ་བ་བཞིན།།
མིག་མེད་གྲོག་མའི་ཚོགས་དེ་མངར་ལ་སྲེད།།
གོ་བསྡུར་བྱེད་དེ་སྟ་གོན་ལ་བརྩོན་ལྟར།།
སྲིན་ཕྲ་མ་དག་མཉམ་རུབ་ལས་ལ་དགའ།།
༢༌༣༌༢། གཞས་མ་སྐལ་བཟང་མེ་ཏོག་ལྟར།།
འདྲེན་མ་ཇི་ནི་ལི་ཡོ་(Genelio)མཛེས།།
གཞས་མ་གང་གི་སེམས་ཁམས་བཞིན།།
འདྲེན་མའི་ངོ་ན་སྐྱིད་སྣང་ལྡན།།
༢༌༤། ཕན་ཚུན་གྱི་དཔེ།
༢༌༤༌༡། རྡོ་ཡི་གསེང་དུ་ཆུ་ནི་མི་སིམ་ལྟར།།
ང་རྒྱལ་ཅན་ལ་ཡོན་ཏན་ཆུད་པར་དཀའ།།
ཁེངས་པས་ཚོས་བཞིན་རྡོ་ནི་ཇི་ལྟར་ཡང་།།
མཁའ་ལ་འཕངས་ཀྱང་ས་ལ་ལྷུང་བར་འགྱུར།།
༢༌༤༌༢། ཁྱིམ་བྱའི་ཁྲོད་ཀྱི་བྱ་རྒྱལ་ཕྲུ་གུ་བཞིན།།
ཞུམ་བློ་ཅན་ནི་རྟག་ཏུ་འཁུམས་ཏེ་སྡོད།།
ཞུམ་པ་སྤངས་ཏེ་རང་རྩལ་ངོམ་པ་བཞིན།།
འདབ་ཆགས་ཁྱུང་གིས་ནམ་འཕང་གཅོད་པར་བྱེད།།
༢༌༥། ངེས་པའི་དཔེ།
༢༌༥༌༡། གང་ཞིག་བསླབས་ཀྱང་ངེས་པར་སླ། །
དགོས་པའི་དུས་སུ་དྲན་པར་སླ། །
གྲོགས་པོ་ཁྱེད་ཀྱི་བློ་རིག་དེ། །
གློག་ཀླད་ཉིད་དང་ཡང་དག་མཚུངས། །
༢༌༥༌༢། བཟང་བྱས་བཟང་དུ་གོ་བའི་བློ་དམན་ཞིང་།།
མནོག་ཆུང་བྱ་བ་དག་ལ་སེམས་སྤྲོ་བའི།།
གྲོགས་པོ་ཁྱེད་ནི་བོང་བུ་ཉིད་དང་མཚུངས།།
དེ་མིན་དཔེར་འོས་སྲིད་ན་ཡོད་རེ་སྐན།།
No comments:
Post a Comment