Monday, 24 December 2012

དཔེ་རྒྱན་དྲུག་པ་ནས་བཅོ་ལྔ་བར་གྱི་རང་རྩོམ་དཔེར་བརྗོད།


༢།༦  ངེས་མེད་ཀྱི་དཔེ།
༢།༦།༡     ཉིན་མཚན་དབྱེར་མེད་སློབ་ལ་བརྩོན་པ་ཡིས།།
སྦེལ་ཀོབ་སློབ་མ་བུང་བ་དང་མཚུངས་ཀྱི།།
ཅི་སྟེ་དེ་དང་མཚུངས་པའི་དངོས་པོ་གཞན།།
སྲིད་འདིར་མཆིས་ན་དེ་ཡང་མཚུངས་དཔེར་འོས།།


༢།༦།༢    མཛེས་མ་ཁྱེད་ཀྱི་བཞིན་རས་དེ།།
རེ་ཞིག་པདྨ་དང་མཚུངས་མོད།།
དཀར་མཛེས་དཔལ་དང་ལྡན་པ་ཡི།།
དངོས་གཞན་ཡོད་ཀྱང་མཚུངས་དཔེར་འོས།།

༢།༦།༣    ༸རྒྱལ་བ་ཁྱེད་ཀྱི་གཟི་བརྗིད་དེ།།
རེ་ཞིག་ནམ་མཁའི་ནོར་བུར་མཚུངས།།
དེ་ལྟའི་དངོས་གཞན་མཆིས་ན་ཡང་།།
ཁྱེད་ཀྱི་དཔེ་རུ་ཅིས་མི་འོས།།

༢།༦།༤    བཅུ་གཅིག་གསེར་ཉའི་སློབ་མ་དག།
ལུ་གུའི་རྗེས་སུ་འགྲོ་མོད་ཀྱི།།
དེ་མིན་གཉོམ་སྤྱོད་ཅན་གྱི་དངོས།།
ཡོད་ན་དཔེ་རུ་ཅིས་ཀྱང་རིགས།།

༢།༧  བསྡུས་པའི་དཔེ།
༢།༧།༡     འཚེ་མེད་ལྟ་གྲུབ་ཉམས་བཞེས་ཁོ་ན་ཡིས།།
༸གངས་རིའི་མགོན་པོ་བླ་ན་མེད་པ་ཁྱེད།།
མེས་པོ་གྷན་དྷི་མཆོག་དང་མཚུངས་མིན་ཏེ།།
ཉམ་ཐག་འགྲོ་རྣམས་བརྩེ་བས་སྐྱོང་དེས་ཀྱང་།།

༢།༧།༢    དམར་པོ་མེ་ལ་ལྕེབས་པ་ནུས་ཙམ་གྱིས།།
གངས་རིའི་ལྗོངས་ཀྱི་དཔའ་བོ་དཔའ་མོ་དག།
རི་བོང་བྱང་སེམས་ཅན་དང་མཚུངས་མིན་ཏེ།།
རང་བས་གཞན་གཅེས་བསམ་པ་ལྡན་དེས་ཀྱང་།།

༢།༧།༣    སློབ་མོ་བཀྲ་ཤིས་འཚོ་དེ་ནི།།
གླུ་སྐད་སྙན་པ་ཁོ་ན་ཡིས།།
གཞས་མ་ཚེ་ལྷ་མཚུངས་མིན་ཏེ།།
བཞིན་ལ་འཛུམ་གྱིས་ཁེངས་དེས་ཀྱང་།།

༢།༧།༤    དོན་གཉེར་ཤུགས་དྲག་ལྡན་པ་ཁོ་ན་ཡིས།།
བཅུ་གཅིག་གསེར་ཉའི་བློ་གསར་སློབ་མ་དག།
རྐང་དྲུག་བུང་བའི་ཚོགས་དང་མཚུངས་མིན་ཏེ།།
འཆམ་མཐུན་མཉམ་གནས་ལས་ལ་སྤྲོ་བས་ཀྱང་།།

༢།༨     ཕུལ་བྱུང་གི་དཔེ།
༢།༨།༡     པ་སངས་ཉི་མ་ཁང་ཆུང་གྲུ་བཞིར་རྩེན།།
            གསེར་སྦྲང་གཡུ་སྦྲང་པད་མའི་ཚལ་ན་ལྡིང་།།
            དེ་ཙམ་ཞིག་གི་ཁྱད་པར་མངོན་པ་ལས།།
            འབྱེད་ཆོས་གཞན་ནི་བཙལ་ཀྱང་རྙེད་པར་དཀའ།།

༢།༨།༢     རྒྱ་གར་འདྲེན་མ་པྲི་ཏི་ཛིན་ཊ་དང་།།
            བཅུ་གཅིག་གསེར་ཉའི་ཟླ་བ་ལྷ་མོ་གཉིས།།
            བཞིན་ལ་མཛེས་ཀོང་ལྡན་དང་མི་ལྡན་གྱི།།
            དབྱེ་བ་ཙམ་ལས་ཐ་དད་གཞན་མ་མཆིས།།

༢།༨།༣     སློབ་མ་བཀྲ་མཚོ་སྦེལ་ཀོབ་སློབ་གྲྭར་སློབ།།
            གཞས་མ་ཚེ་ལྷ་གངས་ཅན་ཡུལ་དུ་བཞུགས།།
            ཐ་དད་དབྱེ་བའི་ཁྱད་པར་དེ་ཙམ་ལས།།
            འབྱེད་ཆོས་གཞན་ནི་བཙལ་ཀྱང་ག་ལ་རྙེད།།

༢།༩།༤    བོད་ཟླ་དང་པོའི་ཚེས་གཅིག་ལོ་གསར་དང་།།
            ཕྱི་ཟླ་བཅུ་གཅིག་བཅུ་བཞིར་བྱིས་ཉིན་ཏེ།།
            དེ་གཉིས་དབར་ལ་འབྱེད་ཆོས་དེ་ཙམ་ལས།།
            དེ་ལས་ཐ་དད་ཆོས་ནི་ཡོད་མ་ཡིན།།

༢།༩  རབ་བཏགས་ཀྱི་དཔེ།
༢།༩།༡     བཅུ་གཅིག་གསེར་ཉའི་མཐུན་སྒྲིལ་ང་ཉིད་ཀྱིས།།
            མཚོན་པར་ནུས་ཞེས་བུང་ཚོགས་སྙེམས་མི་རིགས།།
            མཉམ་རུབ་ལས་ལ་རབ་ཏུ་དགའ་བ་ཡི།།
            ཤེད་ལྡན་གྲོག་མའི་ཁྱུས་ཀྱང་མཚོན་པའི་ཕྱིར།།

༢།༩།༢     བཅུ་གཅིག་གདུགས་ཀྱི་ཤེས་རྒྱམ་གྱི།།
            འཚུབ་སྤྱོད་ང་ཡིས་མཚོན་ནུས་ཞེས།།
            སྲོག་ཆགས་སྤྲེའུ་སྙེམས་མི་བྱ།།
            ཤ་སྦྲང་ལ་ཡང་དེ་ལྡན་ཕྱིར།།

༢།༩།༣     དམར་ལ་དགའ་བའི་ལག་དམར་མའོ་ཡི།།
            གནག་པའི་རང་བཞིན་ང་ཡིས་མཚོན་ནུས་ཞེས།།
            དུག་སྦྲུལ་ནག་པོས་དེ་ལྟར་སྙེམས་མི་འཚལ།།
            དུག་སྦྲང་གིས་ཀྱང་ལས་དེ་གཉེར་ནུས་ཕྱིར།།

༢།༩།༤    སྦེལ་ཀོབ་དགེ་ཆེའི་ལྷག་བསམ་རང་མདངས་དེ།།
            ང་ཡིས་མཚོན་ཞེས་ས་འཛིན་དཀར་པོ་ཁྱེད།།
            སྙེམས་པ་མ་འཆང་ཆུ་སྐྱེས་དཀར་པོར་ཡང་།།
            དྲི་མེད་དཔལ་གྱིས་ཕྱུག་པ་དེའི་ཕྱིར་རོ།།

༢།༡༠  རྨད་བྱུང་གི་དཔེ།
༢།༡༠།༡   ཆ་ལུགས་ངན་པའི་ཅི་ཀུང་གིས།།
            བོད་ཡིག་སློབ་འཁྲིད་བྱེད་ཤེས་ན།།
            ང་ཚོའི་བོད་དགེ་ཉི་མ་ཡི།།
            རྗེས་སུ་རྐང་པ་འཇོག་པར་ངེས།།

༢།༡༠།༢   ནགས་ཚལ་ཉུལ་བའི་སྤྲེའུ་ལ།།
            འབྲི་ཀློག་ནུས་པའི་རྩལ་ལྡན་ན།།
            བཅུ་གཅིག་གདུགས་ཀྱི་ཤེས་རྒྱམ་གྱི།།
            དཔེ་རུ་ཅིའི་ཕྱིར་མི་འོས་སམ།།

༢།༡༠།༣   གནམ་གཤིས་གྲང་ཞིང་ཡུལ་བཀོད་རབ་མཛེས་ཤིང་།།
            མཐོན་པོའི་ས་འཛིན་མང་བའི་རྡ་ས་རུ།།
            སྒོ་ཕྱུགས་གཡག་གི་འགྲོ་འོང་མང་གྱུར་ན།།
            གངས་ལྗོངས་ཕ་ས་དེ་ཡི་དཔེ་རུ་འོས།།

༢།༡༠།༤   འཆི་མེད་ཡུལ་དུ་བཀོད་ལེགས་ཁང་བཟང་དང་།།
            སྒྲིག་ཆས་སྔོ་ཁྲ་གྱོན་པའི་བྱིས་པ་ཡིས།།
            མཛེས་པར་བྱས་ན་སྦེལ་ཀོབ་སློབ་གླིང་གི།
            ད་གཟོད་དཔེ་རུ་འགྱུར་བ་ཅིས་མི་སྲིད།།

༢།༡༡ རྨོངས་པའི་དཔེ།
༢།༡༡།༡   སྐད་སྙན་མངའ་བའི་བཀྲ་མཚོ་དེ།།
            གཞས་མ་ཚེ་ལྷར་རབ་འཁྲུལ་ནས།།
            ཁོ་མ་མིག་ལམ་རྒྱུ་བའི་ཚེ།།
            མགོ་ལ་གཡུ་རྒྱན་ཡོད་མེད་བཙལ།།

༢།༡༡།༢   བཅུ་གཅིག་བཅུ་བཞིའི་ཉིན་མོ་དེ།།
            གནམ་ལོ་གསར་བཞད་ལ་འཁྲུལ་ཏེ།།
            དེ་དང་འབྲེལ་བའི་སྟ་གོན་དག།
            བྱེད་པའི་ལས་ལ་བྲེལ་བར་བརྩམས།།

༢།༡༡།༣   བོད་དང་བོད་མིའི་དོན་དུ་གཅེས་པའི་ལུས།།
            ཕངས་མེད་སྲེག་ཟར་སྦྱིན་དེ་སེམས་དཔའ་ཡི།།
            མཛད་དཀའི་སྤྱོད་པར་འཁྲུལ་ཏེ་སྨྲ་སྒོ་ལས།།
            རྒྱལ་སྲས་སྤྱོད་པ་ཨེ་མ་མཚར་ཞེས་ཐལ།།

༢།༡༡།༤   ཁ་ཕོ་ཆེ་བའི་བོད་དགེ་ནོར་ཉི་ཁོང་།།
            བླ་སྨྱོན་ཅི་ཀུང་ཞེས་པར་རབ་འཁྲུལ་ཏེ།།
            དབྱིབས་གཟུགས་ངོ་མཚར་ཆེ་བའི་ཆང་སྣོད་དེ།།
            ཁོང་གི་སྐེད་པར་འཛེར་མིན་བརྟགས་པར་བྱས།།

༢།  ༡༢ ཐེ་ཚོམ་གྱི་དཔེ།
༢།༡༢།༡           ཅི་འདི་གྲོག་མས་ལོ་འདབ་འཁྱེར་བཞིན་དུ།།
                    རང་གི་ཚང་དུ་བྲེལ་བཞིན་སྐྱོད་པ་འམ།།
                    ཡང་ན་སྦེལ་ཀོབ་སློབ་གྲྭའི་སློབ་མ་དག།
                    དགུང་ཟས་ཕྱིར་དུ་ཆས་སམ་འཕྱང་མོ་ཉུག།

༢།༡༢།༢          དམར་པོ་ལམ་ལམ་འབར་བའི་དངོས་པོ་འདི།།
                    ཤིན་ཏུ་ཆེ་བའི་སྡོང་རས་འབར་བ་འམ།།
                    དཔའ་མོ་དཔལ་ལྡན་ཆོས་མཚོས་རང་སྲེག་གིས།།
                    སྐུ་ལུས་མེར་མཆོད་འབུལ་སྙམ་འཕྱང་མོ་ཉུག།

༢།༡༢།༣          ཅི་འདི་ཅི་ཀུང་ངེས་མེད་མྱུལ་བ་འམ།།
                    བོད་དགེ་བྲེལ་ནས་འཛིན་གྲྭར་སྐྱོད་དམ་ཅི།།
                    བདག་གིས་ཇི་ཙམ་དཔྱད་པ་བྱས་ན་ཡང་།།
                    སེམས་ནི་སོམ་ཉིའི་གནས་ལས་འགྲོལ་མ་ཐུབ།།

༢།༡༢།༤          ཇི་ཙམ་ཉན་ཡང་ངོམས་པ་མེད་པ་འདི།།
                    དཔྱིད་ཀྱི་ཕོ་ཉའི་སྙན་འགྱུར་གླུ་དབྱངས་སམ།།
                    དྲིན་ཆེན་ཨ་མའི་སྨྲ་བའི་སྒོ་མོ་ལས།།
                    བྱུང་བའི་གསུང་སྙམ་བདག་ཡིད་རྣམ་པར་གཡོ།།

༢།༡༣ གཏན་འབེབས་ཀྱི་དཔེ།
༢།༡༣།༡           རིས་མེད་སྐྱེ་འགྲོ་སྐྱོང་ལ་ཟླ་མེད་འདི།།
                    འོད་སྟོང་ལྡན་པའི་འཇིག་རྟེན་མིག་འདྲ་ཡང་།།
                    ངུར་སྨྲིག་ཆས་ཀྱིས་སྐུ་ལ་བཀླུབས་པའི་ཕྱིར།།
                    ༸སྐྱབས་གཅིག་ཡིད་བཞིན་ནོར་བུ་ཡིན་པར་ངེས།།

༢།༡༣།༢          གཟན་པའི་ཆ་ལུགས་ལྡན་པ་འདི།།
                    བླ་སྨྱོན་ཅི་ཀུང་དང་མཚུངས་མོད།།
                    བོད་ཡིག་སློབ་འཁྲིད་བྱེད་པའི་ཕྱིར།།
                    བོད་དགེ་ནོར་བུ་ཉི་མར་ངེས།།

༢།༡༣།༣          རང་དབང་འབོད་སྒྲ་སྒྲོགས་པའི་ཕྱིར།།
                    སྡོང་སྐམ་མི་ཡིས་སྲེག་མིན་ཏེ།།
                    གངས་ཅན་དཔའ་བོ་དཔའ་མོ་ཡིས།།
                    རང་སྲེག་མེར་མཆོད་འབུལ་བ་འོ།།

༢།༡༣།༤          རྗོད་བྱེད་ཚིག་ནི་སྙན་པ་དང་།།
                    བརྗོད་བྱ་དོན་ནི་ཟབ་པ་ཡིས།།
                    དྲིན་ཆེན་ཨ་མའི་གསུང་ཡིན་གྱི།།
                    དཔྱིད་ཀྱི་རྒྱལ་མོའི་གླུ་མ་ལགས།།

༢།༡༤  སྦྱར་བའི་དཔེ།
༢།༡༤།༡   མགྲིན་པའི་ཁ་དོག་སྔོ་བ་དང་།།(དོན་སྦྱར།)
            གར་འཁྲབ་ལས་ལ་འཇུག་པར་བྱེད།།(དོན་སྦྱར།)
            གཉིས་སྐྱེས་ཚོགས་ཀྱི་མཆོག་གྱུར་བས།།(སྒྲ་སྦྱར།)
            ལྷ་ཆེན་དབང་ཕྱུག་རྨ་བྱ་འདྲ།།

༢།༡༤།༢  ཉེ་རིང་ཆགས་སྡང་མི་མངའ་ཞིང་།།(དོན་སྦྱར།)
            སྒྲིབ་བྱེད་མུན་པ་སེལ་བར་བྱེད།།(སྒྲ་སྦྱར།)
            འཇིག་རྟེན་ཁམས་ཀྱི་རྒྱན་གྱུར་བས།།(དོན་སྦྱར།)
            འཇམ་དབྱངས་རྗེ་ནི་ཉི་མ་མཚུངས།།

༢།༡༤།༣  གང་ལ་རེ་བའི་མིག་ཟུང་གཏད་གྱུར་ན།།
            བསམ་པའི་དོན་ཀུན་ཆར་དུ་སྙིལ་བ་དང་།།(དོན་སྦྱར།)
            སྨག་རུམ་མུན་པའི་གནས་ལས་འགྲོལ་བྱེད་པས།།(སྒྲ་སྦྱར།)
            དགེ་བའི་བཤེས་ནི་དཔག་བསམ་ལྗོན་པར་མཚུངས།།

༢།༡༤།༤  གསུང་སྐད་སྙན་ཞིང་བཞིན་ལ་འཛུམ་བག་ལྡན།།(དོན་སྦྱར།)
གྲུང་ཤ་དོད་པའི་མིག་ཟུང་རྣམ་པར་འཕྲུལ།།(དོན་སྦྱར།)
སྦེལ་ཀོབ་སློབ་མ་བཀྲ་ཤིས་མཚོ་དེ་ནི།།
གཞིས་བཞུགས་གཞས་མ་ཚེ་དབང་ལྷ་མོ་འདྲ།།

༢།༡༥  མཉམ་ཉིད་ཀྱི་དཔེ།
༢།༡༥།༡   བོད་སྐད་སྲོག་ཏུ་འཛིན་པའི་བོད་དགེ་ཁྱེད།།
            ངེས་མེད་མྱུལ་བའི་བླ་སྨྱོན་ཅི་ཀུང་བཞིན།།
            བློ་གསལ་ངེད་ཚོར་བརྡ་སྤྲོད་སྙན་ངག་སོགས།།
            སློབ་སྟེ་བསྐྱེད་སྲིང་བྱེད་པའི་ཕ་མ་ལགས།།

༢།༡༥།༢   ཐུགས་རྒྱུད་བྱམས་བརྩེས་བརླན་པའི་བུད་མེད་འདི།།
            རྒྱ་གར་འདྲེན་མ་ཀེ་ཊི་རི་ན་བཞིན།།
            བོད་ཕྲུག་ཚོགས་ལ་སྙོམས་པའི་གཟིགས་སྐྱོང་གིས།།
            ཚུལ་བཞིན་སྐྱེད་སྲིང་བྱེད་པའི་མ་མ་ལགས།།

༢།༡༥།༣   རྒྱལ་ཞེན་དྲི་མས་དབེན་པའི་མགོ་སྟོང་དེ།།
            ལ་རྒྱའི་གླུ་གཞས་གྱེར་མཁས་ཚེ་ལྷ་བཞིན།།
            ཤ་ཁྲག་རིགས་རྒྱུད་གཅིག་པའི་བོད་མི་ཡི།།
            འདྲེན་བྱེད་དག་གི་མདུན་ན་མཛེས་མ་ཡིན།།

༢།༡༥།༤  ཡ་ང་སྙིང་རྗེ་སྤུ་ཙམ་མ་མཆིས་པའི།།
བསམ་སྦྱོར་རྩུབ་པའི་གུང་ཁྲན་དམག་མི་དག།
ཞི་བདེ་སྐྱོང་བའི་ཨ་རིའི་དམག་མི་བཞིན།།
ཉམ་ཆུང་བོད་མིའི་སྲོག་གི་གཤེད་མ་ལགས།།
           




No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།