སློབ་མཐར་སོན་པའི་རྗེས་ལ།།
ཀུ་ཤུའི་གྲོང་དུ་སླེབས་སོང་།།
ཟླ་ཤས་བསྡད་པའི་རྗེས་སུ།།
བེ་ཏའི་གྲོང་དུ་འབྱོར་སོང་།།
འདི་རུ་མ་ཡོང་གོང་དུ།།
གྲོགས་པོ་མང་དག་ཅིག་གིས།།
གནམ་གཤིས་སྙོམས་རབས་བཤད་བྱུང་།།
ཟས་སོང་ཆུང་ལུགས་ཟེར་བྱུང་།།
ང་རང་དངོས་སུ་སླེབས་དུས།།
གྲོགས་པོ་དག་གིས་བཤད་པ།།
སྐྱག་རྫུན་གཏན་ནས་མིན་པའི།།
ངེས་ཤེས་གཏིང་ནས་རྙེད་བྱུང་།།
གནམ་གཤིས་ཚ་གྲང་སྙོམས་ཤིང་།།
ཟས་རིན་འོས་ཤིང་འཚམ་པ།།
ཡུལ་མི་ཤེས་ཡོན་ལྡན་པ།།
བོད་མི་མཐོང་རྒྱུ་མང་བ།།
ཟ་ཁང་ཚོང་ཁང་མང་པོ།།
བོད་པས་གཉེར་བ་མཐོང་བྱུང་།།
སྒོ་བྱང་ངོས་ཀྱི་བོད་ཡིག།
མཐོང་དུས་སེམས་པ་དགའ་སོང་།།
ན་བ་ཚ་བ་བྱུང་ན།།
བོད་པའི་སྨན་ཁང་མང་བ།།
ཞབས་བརྟན་རིམ་གྲོ་དགོས་ན།།
དགོན་པ་གྲྭ་ཚང་མང་བ།།
ལས་ཀྱིས་དུབ་པའི་ཚེ་ན།།
སྐྱོ་བསེང་འགྲོ་ས་འབེལ་བ།།
རྒྱས་སྤྲོས་སྣང་བ་ཤར་ན།།
དེ་མཚུངས་འགྲོ་ས་མང་བ།།
ལྟད་མོ་ལྟ་འདོད་བྱུང་ན།།
སྣ་མང་ལྟད་མོས་ཁེངས་པའི།།
གྲགས་ཅན་ལྷ་ས་ཆུང་ཆུང་།།
ས་ཕྱོགས་འདི་ན་ཆགས་འདུག།
བེ་ཏའི་གྲོང་ཁྱེར་འདི་ལ།།
ཁྱད་ཆོས་དུ་མ་ལྡན་ཡང་།།
ལོ་བཅུ་བསྡད་པའི་ཝཱཎ།།
ཡང་ཡང་ཡིད་ནས་དྲན་སོང་།།
No comments:
Post a Comment