སློབ་གྲཱའི་ཅོང་བརྡ་གཏོང་བའི་ཚེ།།
འབྲེལ་ཡོད་རྣམས་ནི་བྲེལ་བཞིན་ཐོན།།
ལས་མེད་ང་ནི་ཁེར་རྐྱང་ལུས།།
ཡུལ་སྣང་ཞིག་གིས་བཟའ་གྲབས་བྱེད།།
གནས་འདིར་འཁོར་ནས་ཟླ་གཅིག་སོང་།།
སློབ་འཁྲིད་བྱེད་སྐལ་ཐེངས་གཅིག་ཐོབ།།
ལས་བྱེད་ཁང་གི་ཁང་སྲུང་ལྟར།།
ཉིན་ལྟར་བསྡད་དགོས་ཡུལ་བ་ལ།།
ང་ཡི་ལས་ལྡན་སློབ་མ་ཚོ།།
མགྱོགས་ནས་མྱུར་དུ་འབྱོར་ན་སེམས།།
ང་ཡང་སློབ་འཁྲིད་བྱེད་སྒོའི་ནང་།།
འཐིམས་ནས་ཉིན་མོ་འདའ་ན་སེམས།།
དགེ་རྒན་ཞེས་པའི་མིང་འཛིན་ཡང་།།
སློབ་ཕྲུག་མེད་པར་ཟླ་གཅིག་སོང་།།
མིང་དང་མཐུན་པའི་ལས་མེད་དུས།།
བྱ་བ་གཞན་ལ་འཇུག་འདོད་ཕྲ།།
བདུན་དང་ཕྱེད་ནས་དང་པོ་དང་།།
ཕྱེད་ཀའི་བར་དུ་བསྡད་དགོས་དུས།།
ཤིང་ལས་གྲུབ་པའི་རྐུབ་སྟེགས་ཐོག།
ཨོང་དོ་ན་བའི་ཚོར་བ་ཟབ།།
No comments:
Post a Comment