ངུད་མོ་ཐོག་མ་རྩ་ཐང་ཀློང་ནས་བསྒྲགས།།
ཆུང་དུས་ལོ་ཟླ་ནོར་ལུག་ཁྲོད་དུ་བསྐྱལ།།
གཞོན་ནུའི་དུས་སུ་མི་ཡུལ་སྐྱ་མོ་འགྲིམས།།
མཐའ་མའི་མིག་འཛུམ་གར་ཡིན་ལྐོག་གྱུར་གནས།།
བཅུ་ཕྲག་གཅིག་ལ་སོན་ཚེ་སྐྱེས་ཡུལ་བསྐྱུར།།
བཅུ་གཉིས་ལོན་དུས་རྒྱལ་ཁབ་རྒྱབ་ཏུ་བཞག།
མི་ལོ་བཅོ་བརྒྱད་མི་ཡུལ་འགྲིམས་ནས་འདས།།
སྐྱེས་ཡུལ་དྲན་པ་དབུགས་ཀྱི་འབྱིན་རྔུབ་མཚུངས།།
༸མགོན་པོ་གང་གི་ཐུགས་རྗེའི་ཉི་ཟེར་ལས།།
ཀ་ངོ་མི་ཆོད་ཡིག་རྨོངས་མུན་པ་བསལ།།
འདི་ཕྱིར་ཕན་པའི་བཀའ་སློབ་སྒྲོན་མེ་ཡིས།།
གང་དུ་སྐྱོད་པའི་ལམ་བུ་གསལ་བར་མཛད།།
རྒྱུས་མེད་མི་ཡུལ་ངལ་བས་འགྲིམ་པའི་ཚེ།།
ཕ་མ་གཉིས་ལྟར་དྲིན་ཆེའི་བོད་ཁྱིམ་གྱིས།།
མགོན་དང་དཔུང་གི་བགྱི་བ་ལེགས་གཉེར་ཏེ།།
འབྲོག་འཐོམས་བདག་ལ་འདོད་རྒུ་ཆར་དུ་སྙིལ།།
ཚེ་ཡི་འཕེན་པ་ཅུང་ཟད་ཡོད་པའི་དུས།།
༸ཁོང་དང་བོད་ཁྱིམ་ཟུང་གི་བཀའ་དགོངས་བཞིན།།
གང་ཐུབ་བསྒྲུབས་ཏེ་མཐའ་མའི་མིག་འཛུམ་ཚེ།།
དགོད་བཞིན་འཆི་རྒྱུ་བྱུང་ན་རེ་བ་རྫོགས།།
No comments:
Post a Comment