ང་ཚོ་བོད་པའི་སློབ་ཕྲུག་དག་གི་ལུས་པོ་དང་གྲོད་ཁོག་གི་འཚར་ལོངས་ལ་སྐྱོན་ཆ་ཡེ་ནས་མ་མཆིས་ཀྱང་། སེམས་སྐྱོ་དགོས་པ་ཞིག་ལ་ཀླད་པའི་འཚར་ལོངས་ལ་སྐྱོན་ཆ་ཤིན་ཏུ་ཆེ། དེ་ཡང་སློབ་གྲྭ་གཞུང་ནས་གནང་བའི་ཐུན་གསུམ་གྱི་ཁ་ལག་ཆད་མེད་དུ་བླངས་པའི་མཐུ་ལས་ལུས་པོའི་འཚར་ལོངས་ལེགས་པོ་ཞིག་འབྱུང་ཐུབ་ཡོད་ནའང་། ཀླད་པའི་འཚར་ལོངས་སུ་མཁོ་བ་ནི་ཤེས་བྱ་ཡིན། ཤེས་བྱ་བསྡུ་བའི་དུས་ཚོད་ལེགས་ཤོས་ནི་རང་སྦྱོང་ཡིན། འོན་ཏེ་སློབ་མ་ཚོས་རྣམ་གཡེང་གི་དབང་དུ་ཤོར་ནས་དུས་ཚོད་རྩ་ཆེན་དེ་ཆུད་ཟོས་སུ་གཏོང་གིན་པའི་རྐྱེན་གྱིས་ཀླད་པའི་འཚར་ལོངས་ཀྱི་གོ་སྐབས་དེ་འཆོར་མུས་སུ་གདའ།
ལྷག་པར་ང་ཚོ་ནི་ལུང་པ་མི་ལག་ཏུ་ཤོར་ཟིན་པའི་མི་རིགས་ཤིག་ཡིན་ལ། ད་ལྟའི་གནས་ས་ནས་ནམ་ཞིག་ཕྱིར་སྐྲོད་བྱེད་མིན་ཡང་ངེས་པ་མེད། དེ་བཞིན་ང་ཚོའི་ཁ་གཏད་དུ་གྱུར་པའི་རྒྱ་ནག་ལ་མཚོན་ན། ཉིན་རེ་བཞིན་ཕྱོགས་གང་ས་ནས་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པས། ང་ཚོ་འདི་ལྟར་བསྡད་པས་ལ་དག་ཐབས་གཏན་ནས་མེད།
ང་ཚོའི་སློབ་མའི་ཁྲོད་ནས་སྔར་ཡང་འཁྲེབ་ཏོ་ཡིན་ལ། ད་ལྟ་འཛིན་རིམ་དགུ་པར་སོན་ཡང་དེ་ལྟར་བྱས་པས་ཆོག་པར་རློམ་མཁན་མི་ཉུང་བ་ཞིག་ཡོད། དེ་ནི་ངས་བསམ་ན་ནོར་འཁྲུལ་ཆེན་པོ་ཞིག་ཏུ་སྣང་། གང་ལགས་ཞེ་ན།
འཛིན་རིམ་དགུ་པ་ནི་མི་ཚེའི་ནང་འགྱུར་ལྡོག་བྱུང་བའི་དུས་སྐབས་ཤིག་ཡིན་པས། རང་རྩལ་རང་གིས་ངོས་ཟིན་པའི་ཐོག་ནས་འབད་པ་བསྟེན་དགོས་པའི་དུས་སྐབས་ཤིག་ཡིན་པ་ལས། རང་སྣང་གང་དྲན་གྱིས་དུས་ཚོད་སྟོང་ཟད་དུ་གཏོང་བའི་དུས་ཚོད་ཅིག་ག་ལ་ཡིན།
གཞན་ཡང་ཁྱེད་ཅག་ཚོ་ལ་རེ་བ་བཅོལ་མཁན་ཤིན་ཏུ་མང་། ཁྱེད་ཀྱིས་ཕ་མས་ཁྱེད་ཅག་ལ་རེ་བ་ཆེན་པོ་ཞིག་བཅོལ་ཡོད་པ་ནི་ལྟ་ཅི་སྨོས། བོད་ནང་གི་རང་ལུས་མཆོད་འབུལ་གནང་མཁན་གྱི་དཔའ་བོ་དཔའ་མོ་དག་གིས་ཀྱང་ཁྱེད་ལ་རེ་བ་དང་ཡིད་ཆེས་ཤིག་གནང་ནས་དེ་ལྟར་ཆས་སོང་བ་མ་ཡིན་ནམ།
ད་དུང་ཡང་ཁྱེད་ཅག་དེ་ལྟར་གོ་མེད་ཚོར་མེད་དང་བྱིས་པའི་ངང་ཚུལ་སྐྱོང་གིན་བསྡད་པས་ཆོག་པ་ཞིག་འདུག་གམ།
ཕྱི་ལོ་
༢༠༡༢ ཟླ་ ༡༡ ཚེས་ ༠༦ ཉིན་འཛིན་གྲྭ་དགུ་པའི་སློབ་མ་དག་ལ་ཁ་ཏ་བྱས་པའི་སྙིང་དོན།
No comments:
Post a Comment