བདག་གཞན་གྱི་རྣམ་བཞག་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ཀྱི་སྒྲིག་གཞི་ཞིག་ཡིན། དེ་ཡང་བྱ་ཚིག་བཀོལ་སྤྱོད་ཀྱི་སྒོ་ནས་མིང་ཚིག་ཅིག་བཟོ་དགོས་གལ་བྱུང་ན། བྱ་ཚིག་ལ་དུས་གསུམ་ཡོད་པའི་ནང་ནས་དུས་གང་གི་དག་ཆ་བྲི་དགོས་མིན་གཏན་འབེབས་བྱས་ཡོད།
བྱ་ཚིག་ལས་བྱེད་པ་པོ་གཙོ་ཕལ་གོ་བའི་མིང་ཚིག་ཅིག་བཟོ་དགོས་ན། དུས་ནམ་ཡང་བྱ་ཚིག་གི་དུས་ད་ལྟ་བའི་དག་ཆ་བེད་སྤྱོད་བྱས་ནས་བཟོ་དགོས་ཤིང་། བྱ་རྒྱུ་བའམ་བྱ་ཡུལ་གོ་བའི་མིང་ཚིག་ཅིག་བཟོ་དགོས་ན། དུས་མ་འོངས་པའི་དག་ཆ་བེད་སྤྱོད་བཏང་ནས་བཟོ་དགོས། དཔེར་ན།
བོད་དགེས་ས་སྨྱུག་གིས་ཡི་གེ་བྲིས་ལྟ་བུར་མཚོན་ན། བྱེད་པོ་གཙོ་ཕལ་ནི་རིམ་བཞིན་དུ་བོད་དགེ་དང་ས་སྨྱུག་ཡིན་ལ། བྱ་རྒྱུ་བའམ་བྱ་ཡུལ་ནི་ཡི་གེ་ཡིན། དེས་ན།
བྱ་ཚིག་གི་སྒོ་ནས་དེ་དག་མཚོན་པའི་མིང་ཚིག་བཟོ་དགོས་ན་འདི་ལྟར་བཟོ་དགོས་ཏེ། བྱེད་པ་པོ་གཙོ་བོ་བོད་དགེ་མཚོན་བྱེད་དུ་བྱ་ཚིག་བྲིས་ཀྱི་དུས་གསུམ་གྱི་ནང་ནས་ད་ལྟ་བའི་དག་ཆ་བྲིས་ཏེ་བཟོ་དགོས། དེས་ན་འབྲི་བ་པོ་ཞེས་དང་། བྱེད་པ་པོ་ཕལ་པ་ས་སྨྱུག་གོ་བྱེད་དུ་ད་ལྟ་བའི་དག་ཆ་བྲི་དགོས། དེས་ན་འབྲི་བྱེད། བྱ་རྒྱུ་བ་ཡི་གེ་གོ་བྱེད་དུ་བྲིས་ཀྱི་དུས་གསུམ་གྱི་ནང་ནས་མ་འོངས་པའི་དག་ཆ་བྲིས་ཏེ་བཟོ་དགོས། དེས་ན་བྲི་བྱ་ཞེས་བྲི་དགོས།
བདག་གཞན་གྱི་རྣམ་གཞག་ནི། བོད་ཕྲུག་ཚོས་ཨང་རྩིས་དང་ལེགས་སྦྱར་ལ་བཟུང་བའི་ལྟ་བ་ལྟར། ཆེས་གོ་དཀའ་བ་ཞིག་ཏུ་སེམས་བཞིན་ཡོད་ན་ཡང་། དོན་ངོ་མར་དེ་འདྲ་ཞིག་ག་ལ་ཡིན། དེ་ལས་ལྡོག་སྟེ། བདག་གཞན་གྱི་རྣམ་གཞག་ཤེས་ན། གདེང་གསར་པ་ཞིག་ཐོབ་པའི་སྒོ་ནས་ཡིག་འབྲིའི་ལས་སུ་འཇུག་རྒྱུ་ཡོད། གདེང་གསར་པ་ནི་གང་ཞེ་ན། དེ་ནི་བྱེད་པ་པོ་གཙོ་ཕལ་གཉིས་གོ་ཆེད་བྱ་ཚིག་ལས་མིང་ཚིག་ཅིག་བཟོ་དགོས་ན་བྱེད་འབྲེལ་ལས་ཚིག་གི་ད་ལྟ་བའི་དག་ཆ་བྲི་དགོས་པ་དང་། ཅི་ཞིག་བྱ་རྒྱུ་བའམ་བྱ་ཡུལ་གོ་ཆེད་བྱ་ཚིག་ལས་མིང་ཚིག་ཅིག་བཟོ་དགོས་ཚེ། བྱེད་འབྲེལ་ལས་ཚིག་གི་མ་འོངས་པའི་དག་ཆ་བྲི་དགོས་པ་དེ་ཡིན། གདེང་དེ་ཐོབ་ཕྱིན་ཀློག་པ་པོ་དང་། འབྲི་བ་པོ།
ཟ་བ་པོ་ཞེས་དང་། ཀློག་བྱེད། འབྲི་བྱེད།
ཟ་བྱེད་ཅེས། བཀླག་བྱ། བྲི་བྱ།
བཟའ་བྱ་ཞེས་ཚུལ་བཞིན་འབྲི་ནུས་པ་ཡིན།
བདག་གཞན་གྱི་རྣམ་གཞག་མ་བཤད་པའི་སྔོན་དུ་དུས་གསུམ་གྱི་འགྲོ་སྟངས་ལེགས་པོ་ཞིག་ངེས་དགོས། དེ་མིན་ད་ལྟ་བའི་དག་ཆ་དང་མ་འོངས་པའི་དག་ཆ་ཞེས་པ་ནི་ཅི་ཞིག་ལ་ཟེར་མིན་རྟོགས་མི་ཐུབ་ལ། དེ་མ་རྟོགས་པ་ལས་བདག་གཞན་གྱི་ཁྱད་ཆོས་དེ་ངེས་མི་ཐུབ། དེ་མ་ངེས་པ་ལས་བདག་གཞན་དེ་ཕན་མེད་ཅིག་ཏུ་འཁྲུལ་བ་ཡིན་པས། ཐོག་མར་དུས་གསུམ་གྱི་རྣམ་བཞག་དང་བྱ་ཚིག་གི་དབྱེ་བ་ལེགས་པོ་ཞིག་ཤེས་དགོས་པ་ནི་གནད་འགག་ཅིག་ཏུ་སྣང་།
༢༠༡༢།༠༩།༡༨
No comments:
Post a Comment