ཉིན་ཤས་སྦེང་ལོར་འཁྱམས་པའི་རྗེས།།
སྙིང་སྡུག་ནང་ལ་རིམ་གྱིས་འཁོར།།
སྦེང་ལོར་གྲོང་གི་མཐོང་ཐོས་དག།
གཅིག་རྗེས་གཉིས་མཐུད་བདག་ལ་བཤད།།
བོད་པའི་མི་བུ་འགའ་རེ་ཡིས།།
བོད་པའི་ཤ་ཁྲག་འཁྱེར་བཞིན་དུ།།
བོད་མིའི་བླ་མེད་བློས་གཏོང་ལ།།
སུན་སྣང་བྱེད་པའི་གཟན་གཏམ་ཐོས།།
དེ་ལས་གཟན་པའི་གཏམ་ཞིག་སྟེ།།
མཚན་ཚོགས་དག་ལ་རྟག་སྐྱོད་ཅིང་།།
ཆང་རག་ཐ་མག་འཐུང་བཞིན་དུ།།
གདོང་ནག་མི་རྗེས་སྙེག་གི་ཟེར།།
དགོང་ཚོགས་ཁྲོད་དུ་ངོ་ཚ་ཡི།།
གོས་དག་རྗེན་མར་དབྲལ་ནས་ནི།།
མཐོང་བ་ཙམ་གྱིས་སྙིང་ན་བའི།།
ཚུལ་མིན་བྱ་སྤྱོད་སྤེལ་གྱི་ཟེར།།
འཛིན་རིམ་དགུ་པ་བར་ནི།།
འགྲིམས་པའི་གོ་སྐབས་བྱུང་སྐད་འདུག།
༸རྒྱལ་བ་བཀའ་དང་བཤེས་གཉེན་གྱི།།
ཁ་ཏ་རྒྱང་ཡན་བཏང་ནས་འདུག།
བོད་དང་བོད་མིའི་བདེ་སྡུག་ལ།།
བསམ་ཤེས་མེད་པའི་ཀླད་མེད་ཀྱིས།།
བག་མེད་རྣམ་ཐང་སྐྱོང་ཐོས་དུས།།
སེམས་ལ་ན་ཟུག་ངང་གིས་ལྡང་།།
བོད་པས་དྲིན་གྱིས་བསྐྱངས་ན་ཡང་།།
བོད་པར་ཕན་པའི་གོ་སྐབས་ཕྲ།།
བོད་པའི་མི་རུ་སྐྱེས་ན་ཡང་།།
བོད་ཀྱི་ཞབས་འདྲེན་ཞུ་མཁན་ཡིན།།
སྦེང་ལོར་དུ་ཡོད་པའི་བོད་མི་འགའ་རེས་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུའི་ཚབ་ཏུ་བོད་དང་བོད་མིའི་གདོང་ལ་ཆུ་ལ་སྐྱུར་བའི་ཆེས་མི་རིགས་པའི་བྱ་བ་རྩོམ་བཞིན་པའི་གནས་ཚུལ་ཐོས་འཕྲལ་སེམས་སུ་ན་ཟུག་ཅིག་ལྡང་ཞིང་། རང་གི་སེམས་ཚོར་དུ་ཡི་གེའི་གཟུགས་སུ་ཤར་མར་བཀོད་པའི་ལས་ལ་ཞུགས་པའོ།།
No comments:
Post a Comment