Sunday, 2 December 2012

བོད་ཀྱི་དྲིན་ཆེན་པོ།


བོད་པའི་ནང་ཆོས་གྲགས་ཅན་དེ།།
རྒྱ་གར་ཡུལ་ནས་དར་བ་རེད།།
བོད་པའི་སྙན་ངག་བརྗིད་ཅན་དེ།།
རྒྱ་གར་ཡུལ་ནས་དྲངས་པ་རེད།།


རྒྱ་གར་ཡུལ་ནས་སླེབས་པ་ལ།།
དགག་བྱ་ཅི་ཡང་མེད་ན་ཡང་།།
བོད་པའི་སྐད་དང་མི་མཐུན་བཞིན།།
ཨུ་ཚུགས་བྱེད་ལ་དགག་པ་ཡོད།།

བོད་ཀྱི་སྙན་ངག་ལ་མཚོན་ན།།
བོད་ཀྱི་སྐད་ཀྱི་གཤིས་ཀ་དང་།།
མཐུན་མིན་བརྟག་པར་མི་མཛད་པར།།
ཡོད་ཚད་ཡོང་བའི་རེ་བ་བཅངས།།

སྦྱར་བའི་དཔེ་དང་མཉམ་ཉིད་ཀྱི།།
དཔེ་སོགས་བོད་ལ་མི་འོང་བཞིན།།
ད་དུང་ཨུ་ཚུགས་བྱེད་པ་ནི།།
རྣམ་དཔྱོད་ཅན་གྱི་ལས་ཡིན་ནམ།།
གཞན་ལས་ལེགས་ཆ་བླང་དགོས་ཀྱི།།
རང་གི་རིག་གཞུང་སྤེལ་དགོས་ཀྱི།།
འོན་ཀྱང་ཨུ་ཚུགས་མཐའ་སྐྱེལ་གྱིས།།
བྱ་བ་གཉེར་བ་ནོར་འཁྲུལ་ཡིན།།

འཆད་མཁན་དེ་ལ་དཀའ་ཁག་ཡིན།།
ཉན་མཁན་དེ་ལ་མགོ་རྨོངས་ཡིན།།
ལག་ལེན་དངོས་སུ་མཐོང་རྒྱུ་དཀོན།།
གོ་བ་ཙམ་ཡང་ཆགས་རྒྱུ་དཀའ།།

དེས་ན་བོད་སྒྱུར་ཅི་བྱས་ཀྱང་།།
སྐད་ཀྱི་གཤིས་དང་བོད་མིའི་བློ།།
གཉིས་ཀ་གཞི་རྩར་བཞག་བྱས་ཏེ།།
བརྩོན་པ་བསྟེན་ན་དྲིན་ཆེན་པོ།།
སེམས་པ་ཚོར་བ་ཞིག་གི་དབང་དུ་སོང་ནས་ཤར་མར་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།