འོད་སྣང་མེད་པའི་རྟོག་པ་ཡིས།།
བདེ་འདོད་འོས་སུ་མ་བསྒོམས་པར།།
གོང་གིས་གང་བཀོད་འཚམ་ཤོས་སུ།།
བརླམས་ཏེ་དུས་ཡུན་གང་འཚམ་འདས།།
ཐོག་ནས་ཟགས་པའི་རྩིག་དུམ་དེས།།
བསྐྱར་བཟོ་དགོས་པའི་བརྡ་ཞིག་སྦྱར།།
དོན་འདི་ཡར་ཞུ་བྱས་པ་ལས།།
གནས་སྤོ་དགོས་པའི་ལམ་སྟོན་ཕེབས།།
རེ་ཞིག་སྨན་ཁང་ཉེ་འཁྲིས་ཀྱི།།
ལས་ཤག་དེ་རུ་གནས་སྤོས་ཏེ།།
བསྐྱར་བཟོའི་ལས་རིམ་གྲུབ་མ་ཐག།
ཕྱིར་ལོག་དགོས་པའི་བཀའ་ཞིག་གནང་།།
ལས་ཤག་སྒོ་ནས་འཛུལ་མ་ཐག།
ཁང་མིག་བཞི་ནི་ཡོད་པར་མཐོང་།།
འདུག་ཁང་གཉིས་དང་ཐབ་ཚང་གཅིག།
ཆབ་ཁང་གཅིག་བཅས་ཡོད་པར་མཐོང་།།
སྐབས་དེར་སེམས་ཀྱི་ལོགས་ཤིག་ན།།
མ་རངས་པ་ཡི་ཚོར་བ་སྐྱེས།།
དགོས་མཁོ་ཡོད་པ་མཚུངས་ན་ཡང་།།
དབྱེ་འབྱེད་བྱེད་པར་སྡང་སེམས་སྐྱེས།།
སྔར་གྱི་ལས་ཤག་ལ་མཚོན་ན།།
འདུག་ཁང་གཅིག་དང་ཐབ་ཚང་གཅིག།
དེ་ལས་ཡོད་པ་མ་ཡིན་ཞིང་།།
དེ་ཡང་ཆུང་ཞིང་ཤིན་ཏུ་དོག།
ད་ལྟའི་ལས་ཤག་ལ་མཚོན་ན།།
ཁང་མིག་མང་ལ་ཁོག་ཡངས་པ།།
མགྲོན་པོ་ཉི་ཤུ་ཡོང་ན་ཡང་།།
མི་ཤོང་སེམས་ཁྲལ་ཅི་ཡང་མེད།།
ད་རུང་ད་ལྟའི་ལས་ཤག་འདི།།
ད་བར་སྟོང་པར་བཞག་སྐད་ཐོས།།
རེ་འགའ་སྡུག་ལ་གཏད་བཞིན་དུ།།
སྟོང་པར་འཇོག་དོན་ཅི་ཡིན་སྙམ།།
མདོར་ན་སྒྱུ་མའི་འཇིག་རྟེན་འདིར།།
ཆ་སྙོམས་བྱ་བ་ཅི་ཡང་མེད།།
ས་ཆ་གང་དུ་སོང་ན་ཡང་།།
དབྱེ་འབྱེད་ཡོད་འདི་སྐྱོ་བའི་གནས།།
No comments:
Post a Comment