སྔ་དྲོ་གཉིས་པའི་ཐོག་ཏུ།།
བོད་ཁྱིམ་སློབ་མ་དེ་དག།
ལངས་ནས་ཊག་འཁོར་བརྒྱུད་ནས།།
བསྐྱོད་སྐད་རྣ་བས་ཐོས་སོང་།།
བཞི་པའི་ཐོག་ལ་ལངས་ནས།།
ཁ་ངོ་ལེགས་པར་བཀྲུས་ཏེ།།
འཁོར་གསུམ་གླས་པའི་ངང་ནས།།
སེ་རའི་ཕྱོགས་སུ་བསྐྱོད་ཡིན།།
སེ་རར་མ་སླེབས་གོང་ནས།།
འགྲོ་མཚམས་བཀག་པའི་དབང་གིས།།
རྐང་འགྲོས་ཐབས་ལ་བརྟེན་ནས།།
ར་བའི་ཕྱོགས་སུ་བསྐྱོད་ཡིན།།
སྔ་དྲོ་ལྔ་པ་ཙམ་ལ།།
གསུང་ཆོས་ར་བར་འབྱོར་སོང་།།
མི་མང་བརྒྱ་ཕྲག་འཛོམས་འདུག།
རང་རང་སྡོད་ས་བཙལ་ཡིན།།
དེ་ནས་བདུན་པ་ཙམ་ལ།།
༸ཁོང་ཉིད་ཞབས་ཀྱིས་བཅགས་ནས།།
འཐུས་ཚང་འགྲེལ་བརྗོད་དང་བཅས།།
ཚེ་དབང་བསྐུར་བ་གནང་སོང་།།
མི་ཚེ་རིང་པོ་འདོད་ན།།
འཕྲོད་བསྟེན་གལ་ཆེ་ཡིན་པའི།།
གནས་ལུགས་གསུངས་པའི་སྒོ་ནས།།
ཚེ་དབང་བཀའ་དྲིན་བསྐྱངས་སོང་།།
དེ་ནས་བར་གསེང་བཞག་སོང་།།
མི་མང་ཡར་མར་བརྒྱུགས་སོང་།།
དུས་ཚོད་ཅུང་ཙམ་རྗེས་ལ།།
མཛད་སྒོ་དབུ་འཛུགས་ཞུས་སོང་།།
རྒྱ་བོད་རྒྱལ་གླུ་བཏང་རྗེས།།
ཆེད་ཕེབས་སྐུ་མགྲོན་རྣམ་པས།།
༸རྒྱལ་བའི་འཁྲུངས་སྐར་དང་བསྟུན།།
རང་རང་ཤིས་སྨོན་བརྗོད་སོང་།།
ཡུན་རིང་བསྒུགས་པའི་རྗེས་ལ།།
འདི་ཕྱིའི་མགོན་སྐྱབས་དམ་པས།།
ཚིག་ཉུང་དོན་ཟབ་སྒོ་ནས།།
གདུལ་བྱར་སེམས་འགུལ་བཏང་སོང་།།
ང་ཡི་འཁྲུངས་སྐར་ཉིན་མོའི།།
ལེགས་སྐྱེས་ཡག་ཤོས་དེ་ནི།།
རང་རང་སོ་སོའི་ངོས་ནས།།
མི་བུ་བཟང་པོ་བྱོས་གསུངས།།
རང་གི་སེམས་པ་དེ་ཉིད།།
ཉོན་མོངས་སེམས་པས་དཀྲུག་དུས།།
མགོན་པོ་གང་གི་ཞལ་རས།།
ཡིད་ལ་དྲན་པར་བྱོས་གསུངས།།
གསུང་དེ་ཐོས་མ་ཐག་ཏུ།།
སེམས་ལ་གཡོ་འགུལ་ཐེབས་ཤིང་།།
ཁྲ་ཆུང་མིག་གི་ནང་ལ།།
མིག་ཆུ་ངང་གིས་འཁྱིལ་སོང་།།
ཁོང་གི་རྗེས་འཇུག་ཡིན་པས།།
འབྱུང་འགྱུར་མི་ཚེའི་ནང་ལ།།
འབྱུང་འགྱུར་མི་ཚེའི་ནང་ལ།།
མི་བུ་བཟང་ཞིག་བྱ་རྒྱུའི།།
བློ་སྟོབས་གསར་པ་སྐྱེས་བྱུང་།།
དགེ་རྒན་མིང་ཞིག་ཡོད་པས།།
ནོར་འཁྲུལ་བྱུང་མ་ཐག་ཏུ།།
ཁྲོ་བའི་རྣམ་འགྱུར་སྤངས་ཏེ།།
བྱམས་བརྩེ་དགོས་པོ་རྟོགས་སོང་།།
དེ་རིང་སྐལ་བ་བཟང་སོང་།།
ཁོང་ཉིད་དབུ་བཞུགས་ཐོག་ནས།།
ཁོང་གི་སྐུ་ཡི་འཁྲུངས་སྐར།།
སྲུང་བརྩི་ཞུ་སྐལ་ཐོབ་སོང་།།
ཕྱི་ལོ་ ༢༠༡༣ ཟླ་ ༠༧ ཚེས་ ༦ ཉིན་བྲིས།
No comments:
Post a Comment