མདང་ནུབ་ཉལ་བའི་རྨི་ལམ་ནང་།།
ཨ་མ་རྗེ་བཙུན་པད་མ་མཇལ།།
ཁོང་ལ་སེམས་ཚོར་ཆེན་པོའི་ངང་།།
བཀའ་དྲིན་ཆེ་ཞེས་ཞུས་པ་རྨིས།།
ད་ནངས་མལ་ལས་ལྡང་བའི་ཚེ།།
ཁོང་ཉིད་མདང་གི་རྨི་ལམ་དུ།།
མཇལ་བ་དེ་ཡི་མཐུ་ཉིད་ལས།།
སེམས་པ་རབ་ཏུ་དགའ་ནས་འདུག།
དེ་རིང་ཉིན་མ་གང་པོ་ལ།།
ཁོང་གིས་སྐུ་ངལ་ཁྱད་གསོད་ཀྱིས།།
བོད་ཕྲུག་ང་དང་ང་འདྲ་ལ།།
བྱམས་བརྩེས་བསྐྱངས་པ་དྲན་ནས་ལུས།།
ཁོང་ཉིད་སློབ་གྲྭར་ནམ་ཕེབས་ཀྱང་།།
ཨ་མ་ངོ་མ་ཕེབས་འདྲ་བའི།།
སེམས་ལ་དགའ་སྤྲོ་ཚད་མེད་རེ།།
སྐྱེས་མྱོང་ཡོད་པ་དེ་ཡང་དྲན།།
ཐེངས་གཅིག་ཁང་པའི་སྒེའུ་ཁུང་ལས།།
ཁོང་ཉིད་རླངས་འཁོར་ལ་བཞུགས་ནས།།
ག་ཤེད་ཕེབས་པ་མཇལ་བའི་ཚེ།།
ཐལ་མོ་སྦྱར་དེའང་དྲན་པར་གྱུར།།
བྱམས་དང་བརྩེ་བ་ཆེན་པོ་ཡིས།།
བསྐྱངས་པའི་དྲིན་ཆེན་ཨ་མ་ཁོང་།།
སྐུ་ཚེ་ཡུན་རིང་བརྟན་པ་དང་།།
ཐུགས་བཞེད་མ་ལུས་འགྲུབ་པར་སྨོན།།
ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༣ ཉིན་བྲིས།
No comments:
Post a Comment