Tuesday, 20 October 2015

རླབས་ཆེན་མི་རིགས་གངས་ཅན་པ།

སྐད་དང་ཡི་གེར་ཐོགས་པ་བྲལ།།
བྱམས་དང་སྙིང་རྗེས་རང་རྒྱུད་བརླན།།
རིག་གཞུང་ཕྱུག་མོའི་རྒྱུན་འཛིན་བ།།
རླབས་ཆེན་མི་རིགས་གངས་ཅན་པ།།


གཏོང་ཕོད་རྒྱལ་པོ་བྱམས་པར་འཁུ།།
སྙིང་སྟོབས་གངས་སེང་དཀར་མོར་འགྲན།།
རྣམ་དཔྱོད་འཇིག་རྟེན་གསུམ་ལས་འགོངས་།
རླབས་ཆེན་མི་རིགས་གངས་ཅན་པ།།

ཆོས་ཀུན་རྟེན་འབྱུང་བསམ་བློ་བ།།
བདག་བས་གཞན་གཅེས་ཉམས་ལེན་པ།།
འཇིག་རྟེན་ཀུན་བདེ་ལྷུར་བླང་བ།།
རླབས་ཆེན་མི་རིགས་གངས་ཅན་པ།།

བླ་མ་སྤྱི་བོའི་གཙུག་ཏུ་བཀུར།།
ཕ་མ་མིག་གི་འབྲས་བུར་འཛིན།།
སྤུན་ཟླ་ཁོག་སྙིང་བས་ཀྱང་གཅེས།།
རླབས་ཆེན་མི་རིགས་གངས་ཅན་པ།།

དཀར་པོ་གངས་ལྗོངས་ཕ་སའི་ཕྱིར།།
དམར་པོ་མེ་ལ་སྒྲོན་སྤོབས་ཤིང་།།
སྔོན་མོ་ཆུ་ལ་ལྕེབས་པར་ནུས།།
རླབས་ཆེན་མི་རིགས་གངས་ཅན་པ།།

མཚོན་ལ་འཇིགས་པའི་སྙིང་མ་མཆིས།།
ནོར་ལ་རྔམ་པའི་སེམས་མི་མངའ།།
གཡོ་རུ་ཚུད་པའི་བློ་མི་བདོག།
རླབས་ཆེན་མི་རིགས་གངས་ཅན་པ།།

རང་སྐད་སྐྱུར་བའི་ནད་ལས་གྲོལ།།
རང་མིར་སྡང་བའི་རྒྱ་ལས་འདས།།
རང་ཡུལ་བརྗེད་པའི་གཉིད་ལས་སད།།
རླབས་ཆེན་མི་རིགས་གངས་ཅན་པ།།


No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།