Saturday, 21 July 2018

ནུབ་ལ་མི་འགྲོ།

ཕ་སྐད་རིན་ཆེན་འདོར་འདོད་མེད།།
ཕ་ཆོས་ནོར་བུ་སྐྱུར་འདོད་མེད།།
དེའི་ཕྱིར་བདག་ལ་ནུབ་ཕྱོགས་སུ།
འགྲོ་བའི་འདོད་པ་ཡེ་ནས་མེད།།


དཔོན་པོར་ངོ་རྒོལ་བྱེད་འདོད་མེད།།
དགྲ་བོའི་འདོད་ཐོག་རྒྱུག་འདོད་མེད།།
དེའི་ཕྱིར་བདག་ལ་ནུབ་ཕྱོགས་སུ།།
འགྲོ་བའི་འདོད་པ་ཡེ་ནས་མེད།།

མི་ངན་གཡོ་འོག་ཚུད་འདོད་མེད།།
གཞུང་ལ་ངོ་རྒོལ་བྱེད་འདོད་མེད།།
དེའི་ཕྱིར་བདག་ལ་ནུབ་ཕྱོགས་སུ།།
འགྲོ་བའི་འདོད་པ་ཡེ་ནས་མེད།།

འཁྲུངས་སྐར་གཏོར་བཤིག་གཏོང་འདོད་མེད།།
༸རྒྱལ་བའི་བཀའ་དང་འགལ་འདོད་མེད།།
དེའི་ཕྱིར་བདག་ལ་ནུབ་ཕྱོགས་སུ།།
འགྲོ་བའི་འདོད་པ་ཡེ་ནས་མེད།།

དགྲ་དགའ་གཉེན་སྡུག་བྱེད་འདོད་མེད།།
ཆོལ་ཞེན་ནད་ཀྱིས་ལྡོང་འདོད་མེད།།
དེའི་ཕྱིར་བདག་ལ་ནུབ་ཕྱོགས་སུ།།
འགྲོ་བའི་འདོད་པ་ཡེ་ནས་མེད།།

ཆོལ་ཞེན་ནད་པ་མང་ས་དང་།།
ཕན་མེད་བྱ་བ་རྩོམ་མཁན་ནི།།
ནུབ་ཕྱོགས་པ་དག་རེད་འདུག་པས།།
ད་ནི་ནུབ་ལ་ཞེན་པ་ལོག།

རྫུན་སྨྲ་བ་ལ་དྲང་པོ་དང་།།
ངོ་རྒོལ་བ་ལ་དཔའ་བོ་ཞེས།།
མིང་བསྟོད་བྱེད་མཁན་ནུབ་ན་མཆིས།།
དེའི་ཕྱིར་བདག་ནི་ནུབ་པར་སྡང་།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།