Monday, 24 January 2022

དྷོ་ལན་ཇི་ཡི་སྐྱོན་ཡོན།

 

ཧི་མ་ཅལ་ཞེས་མངའ་སྡེའི་ནང་།།

དྷོ་ལན་ཇི་ཞེས་བྱ་བ་ཡོད།།

ལུང་ཁུག་དེ་ཡི་སྐྱོན་ཡོན་འགའ།།

འདི་རུ་གསོང་པོར་བརྗོད་ལ་སྤྲོ།།

 

གྲོང་པ་མང་པོ་མེད་ན་ཡང་།།

རྒྱ་བོད་ཕན་ཚུན་མཐུན་ལམ་བཟང་།།

འགྲོ་ལམ་བདེ་པོ་མེད་ན་ཡང་།།

ཡུལ་གྱི་བཀོད་པ་མཛེས་སྡུག་ལྡན།།

 

ཟ་ས་འཐུང་ས་ཉུང་ན་ཡང་།།

དྭངས་གཙང་ཆུ་མིག་བརྡོལ་ས་མང་།།

མི་མང་མཉམ་འཛོམས་དུས་དཀོན་ཡང་།།

ཞལ་འདོན་དབྱངས་རྟ་རྣ་ལ་སྙན།།

 

རྩེད་ཐང་ཆེན་པོ་མེད་ན་ཡང་།།

གོམ་འགྲོས་བྱེད་ས་གང་མང་ཡོད།།

ཁ་བརྡ་གློད་ས་ཉུང་ན་ཡང་།།

ལྷིང་འཇགས་དཀྲོག་མཁན་མང་པོ་མེད།

 

ཁང་གླ་ཆེ་ཙམ་ཡོད་ན་ཡང་།།

བསམ་ཤེས་ཅན་གྱི་ཁང་བདག་ཡོད།།

མཚམས་ལ་སྡོད་མཁན་མང་ན་ཡང་།།

འཛོམས་དུས་སྙན་པའི་དགོད་སྒྲ་ཡོད།།

 

གནམ་གཤིས་གྲང་ངར་ཆེ་ན་ཡང་།།

སློབ་ལ་བརྩོན་པའི་སློབ་མ་ཡོད།།

འཁྲུག་ཆ་དོད་པོ་མེད་ན་ཡང་།།

ཡིད་ཚིམ་གྲུབ་འབྲས་འདི་རུ་ཡོད།།

 

གང་དང་གང་དུ་སོང་གྱུར་ཀྱང་།།

སྐྱོན་ཡོན་མེད་པ་སྲིད་དཀའ་ཡང་།།

འདི་ཡི་ཡོན་ཏན་དག་མཐོང་དུས།།

སེམས་ལ་དགའ་བ་ངང་གིས་རྒྱས།།

ཁེར་རྐྱང་གྱི་གདུང་བ།

 

མཉམ་ཟ་མཉམ་འཐུང་བྱེད་ཅིང་།།

མཉམ་འགྲོ་མཉམ་མོལ་བྱེད་མཁན།།

ས་མཐའི་གྲོགས་པོ་བཟང་པོ།།

ཆམ་ནད་དྲ་རུ་ཚུད་སོང་།།

 

ནད་གཡོག་ཡག་པོ་རྒྱུག་འདོད།།

སེམས་ཀྱི་གཏིང་ལ་ཡོད་ཀྱང་།།

གཡོ་རྩལ་ང་ལ་མེད་དུས།།

འདོད་པ་ཁེངས་ཤིག་མ་བྱུང་།།

 

སེམས་འགུལ་ཐེབས་པའི་གཏམ་གྱིས།།

སེམས་ཤུགས་སྐྱེད་པར་འདོད་ཀྱང་།།

སྨྲ་རྩལ་ང་ལ་མེད་དུས།།

འདོད་བློ་ཁེངས་ཤིག་མ་བྱུང་།།

 

ངོ་ཤེས་ལས་རོགས་དག་ལ།།

མངག་བྱ་བྱེད་པར་འདོད་ཀྱང་།།

ཕན་གནོད་ཐེ་ཚོམ་ཟ་ནས།།

ཡ་མེད་བྱེད་དགོས་བྱུང་སོང་།།

 

ཟས་ལ་སྤྱོད་པའི་ཡི་ག།

ཡེ་ནས་མེད་ལུགས་བགྲངས་ནས།།

ཐུན་ཟས་སྤོང་བར་མཐོང་དུས།།

སེམས་ནས་དངངས་འཚབ་སྐྱེས་སོང་།།

 

གཅིག་པུར་ངེས་མེད་འཁྱམ་ཞིང་།།

གཅིག་པུར་ངེས་མེད་རྒྱུ་དུས།།

ས་མཐའི་འགྲོ་རོགས་དེ་ཉིད།།

མགྱོགས་ཙམ་དྲག་ན་བསམ་སོང་།།

 

སྔ་དྲོ་གཉིད་ལས་སད་དུས།།

ས་མཐའི་འགྲོ་རོགས་དེ་ཡི།།

ལུས་སེམས་གཉིས་ཀྱི་གནས་སྟངས།།

ཤེས་འདོད་ངང་གིས་བྱུང་སོང་།།

 

ལུས་ཁམས་བདེ་མིན་ཡིན་ལུགས།།

འཕྲིན་ཐུང་མཐོང་རིམ་བཞིན་དུ།།

ང་ཡི་སེམས་པ་དམར་པོར།།

བུ་ག་གྲངས་མེད་བཏོད་སོང་།།

 

སྐྱབས་དང་མགོན་ཞིག་ཟེར་བ།།

དངོས་ཡོད་ཚུལ་དུ་ཡོད་ན།།

ང་ཡི་ས་མཐའི་གྲོགས་པོ།།

ནད་ལས་སྒྲོལ་བར་མཛོད་ཅིག།

 

༢༠༢༢།༠༡།༢༡ ཉིན་ས་མཐའི་འགྲོ་རོགས་ནད་ཀྱིས་མནར་ནས་ང་རང་ཁེར་རྐྱང་དུ་ལུས་དུས་བྲིས།

 

ང་།

 

ང་ཡི་མིང་ལ་ནོར་བུ་ཉི་མ་ཟེར།།

མིང་འདི་ཅན་པོ་ཨ་ཕས་བཏགས་པ་རེད།

ང་ཡི་ཨ་ཕ་བླ་མ་མིན་ན་ཡང་།།

མིང་སྙན་འདི་འདྲ་བཏགས་པར་ཡི་རང་ཡོད།།

 

ནོར་བུ་ཉི་མ་ཟེར་བའི་མིང་གྲོགས་ནི།།

གང་དུ་སོང་ཡང་ཤིན་ཏུ་རྙེད་དཀའ་བས།།

ནོར་བུ་ཉི་མ་ཀ་ཁ་ལ་སོགས་པ།།

ད་བར་ང་ཡིས་གཏན་ནས་མཐོང་མ་མྱོང་།།

 

སྐྱེས་པའི་བུ་ཕྲུག་རང་གི་ཡིན་མིན་ལ།།

ཐེ་ཚོམ་མུན་ནག་ཆེན་པོ་འཐིབས་ན་ཡང་།།

ཁྱིམ་གྱི་གཙོ་བོ་ཡིན་པའི་ང་རྒྱལ་གྱིས།།

མིང་འདོགས་འདི་འདྲ་བྱས་པར་ང་རང་དགའ།།

 

གསེར་དངུལ་རྒྱན་ཆ་ང་ལ་མི་མཁོ་ཞིང་།།

མཚན་དང་སྙན་གྲགས་ང་ལ་ཡེ་མི་དགོས།།

བློ་དང་འཚམ་པའི་ལས་དང་གོས་གྱོན་པ།།

འབྲོག་ཕྲུག་ང་ཡི་ཚེ་འདིའི་མངོན་འདོད་ཡིན།།

 

མཐོན་པོའི་ཁྲི་ལ་འཛེགས་མྱོང་མེད་པ་མིན།།

དམའ་བའི་ས་རུ་ལྷུང་མྱོང་མེད་པ་མིན།།

འདོད་དང་མཐུན་པའི་ལས་ལ་འཇུག་པ་ལ།།

ང་རང་སེམས་ནས་ཧ་ཅང་དགའ་བ་ཡིན།།

 

གནམ་ལ་འཕུར་བའི་རྫུ་འཕྲུལ་ཡོད་ན་བསམ།།

ས་ལ་འཛུལ་བའི་ནུས་མཐུ་ལྡན་ན་བསམ།།

གནམ་འཕུར་ས་འཛུལ་འཕྲུལ་སྣང་ལགས་མོད་ཀྱང་།།

ང་ཡི་སེམས་ཀྱི་དགའ་ཕྱོགས་དེ་འདྲ་ཡིན།།

 

མཐོ་དང་དམའ་བའི་བྱེད་ལུགས་བྱེད་སྟངས་ནི།།

དོ་བདག་གང་ཟག་སོ་སོའི་སྤྱོད་ཚུལ་ལས།།

མིང་དང་གོ་གནས་ཟེར་བ་ལ་བསྟུན་ནས།།

གུས་བརྩི་མི་བྱེད་ང་ཡི་དམ་བཅའ་ཡིན།།

 

མཐོན་པོའི་གནས་སུ་འགྱིངས་པའི་མི་སྣ་ལ།།

ངོ་སོ་སྤྲེལ་ལད་འཁྲབ་པའི་ལས་སྤངས་ནས།།

དམའ་བའི་གོ་སར་གནས་པའི་མི་དག་ལ།

མཐོང་ཆེན་བྱེད་པ་ང་ཡི་གཤིས་ཀ་ཡིན།།

 

ངས་ནི་ང་ནི་འགྲོ་བ་གཅིག་མཚུངས་ལྟར།།

སྐྱེས་ནས་འཆི་རྒྱུ་ཡིན་པར་བསམ་ཡོད་ལ།།

འཆི་དུས་འཁྱེར་རྒྱུ་དགེ་ཚོགས་ཁོ་ན་ལས།།

ཅི་ཡང་མེད་པ་ངེས་ཤེས་རྙེད་ནས་ཡོད།།


༢༠༢༢།༠༡།༢༡ ཉིན་འབྲི་འདོད་ཅིག་གིས་སུག་བྲིས་བྱས།

Saturday, 8 January 2022

བུ་མོ་དྲན་པའི་གླུ་ཆུང་།

ཟླ་བ་བཞི་ཙམ་རྗེས་ལ།།

ཤ་ལས་ཆད་པའི་བུ་མོ།།

མངོན་སུམ་མིག་གིས་རིག་དུས།།

སེམས་པ་དགའ་བས་མྱོས་སོང་།།


བུ་མོའི་སྐད་ཆ་ཤོད་སྟངས།།

བུ་མོའི་བསམ་བློ་གཏོང་སྟངས།།

བུ་མོའི་གོ་བ་ལེན་སྟངས།།

སྤོབས་པའི་གཞི་མ་རེད་འདུག།


འཛིན་གྲྭ་གཉིས་པའི་སྒོ་ཐེམ།།

འགྲིམ་ལ་ཉེ་ཙམ་ཡིན་མོད།།

རྩོམ་ཡིག་ཐར་ཐོར་འབྲི་དུས།།

དགའ་སྤྲོ་རབ་ཏུ་འཕེལ་སོང་།།


དཔར་ལེན་བྱེད་པའི་སྐབས་སུ།།

ཡི་གར་འོང་བའི་རྣམ་འགྱུར།།

སྣ་ཚོགས་བསྟན་པ་དེ་དག།

སེམས་ཀྱི་གཏིང་ལ་ཟུག་སོང་།།


ཨ་ཕ་ང་དང་མཉམ་དུ།།

འགྲོ་བའི་འདོད་པ་བྱེད་བཞིན།།

ཨ་མ་བཞག་པར་སེམས་ཁྲལ།།

བྱེད་ལུགས་ཤ་ནི་ཚ་བ།།


ང་རང་ཐོན་ལ་ཉེ་དུས།།

བུ་མོའི་ཁྲ་ཆུང་མིག་ནས།།

མཆི་མ་ངང་གིས་ལྷུང་དུས།།

སེམས་ལ་ན་ཟུག་བཏང་སོང་།།


རིང་མིན་མོན་གྷོ་ཕྱོགས་ལ།།

གནས་སྤོ་ཐོབ་པར་གྱུར་ནས།།

ནང་མི་ལྷན་འཛོམས་དཔལ་ལ།།

སྤྱོད་རྒྱུ་ཡོང་བར་ཤོག་ཅིག།

བཞག་ལོག་སེམས་ཀྱི་སྣང་ཚུལ།


ཟ་ས་འཐུང་ས་མང་ས།།

མོན་གྷོ་གཞིས་ཆགས་བཞག་ནས།།

འགྲོ་ས་འཁྱམ་ས་མང་ས།།

དྷོ་ལན་ཇི་ལ་ལོག་འགྲོ།།


ས་རྒྱུས་མི་རྒྱུས་ཡོད་ས།།

མོན་གྷོ་གཞིས་ཆགས་བཞག་ནས།།

རྒྱུས་ཡོད་མཐུན་ལམ་ཟབ་ས།།

དྷོ་ལན་ཇི་ལ་ལོག་འགྲོ།།


དབྱར་དགུན་ཚ་གྲང་སྙོམས་ས།།

མོན་གྷོ་གཞིས་ཆགས་བཞག་ནས།།

དགུན་དུས་གནམ་གཤིས་གྲང་ས།།

དྷོ་ལན་ཇི་ལ་ལོག་འགྲོ།།


སློབ་མ་གཤིས་ཀ་འཇམ་ས།།

མོན་གྷོ་གཞིས་ཆགས་བཞག་ནས།།

སློབ་ལ་དོ་སྣང་ཆེ་ས།།

དྷོ་ལན་ཇི་ལ་ལོག་འགྲོ།།


ཁ་པར་སྦག་སྦག་ཡོད་ས།།

མོན་གྷོ་གཞིས་ཆགས་བཞག་ནས།།

དོན་གཉེར་དྲིན་ཚོར་ཡོད་ས།།

དྷོ་ལན་ཇི་ལ་ལོག་འགྲོ།།


ཕ་མ་སྤུན་ཉེ་ཡོད་ས།།

མོན་གྷོ་གཞིས་ཆགས་བཞག་ནས།།

ཕ་མ་སྤུན་ཉེ་མེད་ས།།

དྷོ་ལན་ཇི་ལ་ལོག་འགྲོ།།


སྣུམ་ལམ་བདེ་མོ་མངའ་ས།།

མོན་གྷོ་གཞིས་ཆགས་བཞག་ནས།།

མཐའ་བཞི་རི་བོས་བསྐོར་ས།།

དྷོ་ལན་ཇི་ལ་ལོག་འགྲོ།།


ཚགས་ཆུ་ཉོ་ས་མང་ས།།

མོན་གྷོ་གཞིས་ཆགས་བཞག་ནས།།

ཆུ་མིག་བརྡོལ་ས་མང་ས།།

དྷོ་ལན་ཇི་ལ་ལོག་འགྲོ།།


གཞིས་ཆགས་གཞི་རྒྱ་ཆེ་ས།།

མོན་གྷོ་གཞིས་ཆགས་བཞག་ནས།།

གཞིས་མི་སོར་གང་ཡོད་ས།།

དྷོ་ལན་ཇི་ལ་ལོག་འགྲོ།།


དགའ་འབྲས་དགོན་པ་ཡོད་ས།།

མོན་གྷོ་གཞིས་ཆགས་བཞག་ནས།།

སྨན་རིའི་དགོན་ཆེན་ཡོད་ས།།

དྷོ་ལན་ཇི་ལ་ལོག་འགྲོ།།


དེ་རིང་མོན་གྷོ་བཞག་ནས།།

གཞན་དུ་ལོག་གི་ཡོད་ཀྱང་།།

མ་འོངས་ནང་མི་འཛོམས་ས།།

མོན་གྷོ་གཞིས་ཆགས་ལོས་ཡིན།།


༢༠༢༢།༠༡།༠༨ ཉིན་མེ་འཁོར་ནས་བསྡད་ནས་དྷི་ལན་ཇི་ལ་ལོག་སྐབས་བྲིས།

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།