Tuesday, 26 April 2022

ཁ་སང་དང་དེ་རིང་།

ཁ་སང་ང་ནི་རང་སྣང་གང་དྲན་ཞིག། 
དེ་རིང་ང་ནི་བསམ་ཤེས་ཐུབ་མཁན་ཞིག། 
ཁ་སང་ང་ནི་ལོག་ལམ་སྐྱོད་མཁན་ཞིག། 
དེ་རིང་ང་ནི་ལེགས་ལམ་འཚོལ་མཁན་ཞིག། 

ཁ་སང་ང་ནི་ངོ་ཚ་ཆུང་མཁན་ཞིག། 
དེ་རིང་ང་ནི་ངོ་ཚ་ཤེས་མཁན་ཞིག། 
ཁ་སང་ང་ནི་རང་མཐོང་མེད་མཁན་ཞིག། 
དེ་རིང་ང་ནི་རང་བརྩི་ཡོད་མཁན་ཞིག། 

ཁ་སང་ང་ནི་བག་མེད་བྱེད་མཁན་ཞིག། 
དེ་རིང་ང་ནི་བག་ཡོད་བསྟེན་མཁན་ཞིག། 
ཁ་སང་ང་ནི་དགོས་མེད་དགོས་མཁན་ཞིག། 
དེ་རིང་ང་ནི་དགོས་མེད་སྤོང་མཁན་ཞིག། 

ཁ་སང་ང་ནི་ཁ་ལ་བདག་མེད་ཅིག། 
དེ་རིང་ང་ནི་ཁ་ལ་བདག་ཡོད་ཅིག། 
ཁ་སང་ང་ནི་ལག་ལ་བདག་མེད་ཅིག། 
དེ་རིང་ང་ནི་ལག་ལ་བདག་ཡོད་ཅིག། 

ཁ་སང་ང་ནི་སྡུག་མཚོར་མཆོང་མཁན་ཞིག། 
དེ་རིང་ང་ནི་བདེ་ལམ་འགྲིམ་མཁན་ཞིག། 
ཁ་སང་ང་ནི་བསམ་མེད་སྨྱོན་པ་ཞིག། 
དེ་རིང་ང་ནི་བསམ་ཡོད་མི་བུ་ཞིག།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།