ཡིད་འོང་བུ་ཕྲུག་ང་ལ་ཡོད།།
དྲིན་ཆེན་ཨ་མ་ང་ལ་ཡོད།།
དགེ་རྒན་ལས་ཀ་ང་ལ་ཡོད།།
བརྩེ་ལྡན་གཅུང་མོ་ང་ལ་ཡོད།།
བློ་མཐུན་ལས་རོགས་ང་ལ་ཡོད།།
དགོས་མེད་ལས་ལ་འཇུག་དོན་ཅི།།
ལུས་ལ་ན་ཚ་གང་ཡང་མེད།།
སེམས་ལ་སྡུག་བསྔལ་ཅི་ཡང་མེད།།
ལུས་སེམས་བདེ་ཐང་ཡིན་བཞིན་དུ།།
དགོས་མེད་ལས་ལ་འཇུག་དོན་ཅི།།
འཇིགས་སྐུལ་གཏོང་མཁན་སུ་ཡང་མེད།།
གནག་གནག་བྱེད་མཁན་གཅིག་ཀྱང་མེད།།
མི་ཚེ་དོན་ལྡན་ཡོད་བཞིན་དུ།།
དགོས་མེད་ལས་ལ་འཇུག་དོན་ཅི།།
གཞན་གྱིས་རེ་ཡང་འཐོབ་དཀའ་བའི།།
དགོས་ཚད་ཐམས་ཅད་ཡོད་བཞིན་དུ།།
དགོས་མེད་ལས་ལ་འཇུག་པ་ནི།།
སྨྱོན་པའི་ལས་སུ་ད་གཟོད་རྟོགས།།
ད་ནི་དགོས་མེད་བྱ་བ་ལ།།
མི་འཇུག་སེམས་ཐག་ཆོད་པ་ཡིན།།
དོན་ལྡན་ལས་ལ་ཞུགས་ནས་ནི།།
མི་ཚེ་དོན་ལྡན་བྱ་ངེས་ཡིན།།
༢༠༢༢།༠༡།༡༤
No comments:
Post a Comment