སེམས་ཤུགས་དར་ཆ་མཐོར་བསྒྲེངས་ཏེ།།
དབང་པོ་རྟུལ་བའི་སློབ་མས་ཀྱང་།།
སློབ་ཚན་འཁྲིད་ལ་འཇུག་པའི་ཚེ།།
སློབ་ཁྲིད་བརྒྱུད་སྐད་གཙོ་འཛིན་ལས།།
དབྱིན་ཧིན་ལ་སོགས་སྐད་རིགས་གཞན།།
བཀོལ་སྤྱོད་བྱེད་པར་འཛེམ་ངེས་ཡིན།།
སློབ་ཚན་གང་དང་སློབ་པའི་ཚུལ།།
དུས་ནི་ནམ་ཞིག་བསླབ་རྒྱུ་སོགས།།
སྔོན་ནས་གྲ་སྒྲིག་ལེགས་བྱས་ཏེ།།
ད་གཟོད་འཁྲིད་ལ་འཇུག་ངེས་ཡིན།།
ཅ་ཅོ་སྨྲ་བ་སྙུང་བྱེད་ཅིང་།།
བསམ་བློའི་རྒྱགས་ཕྱེ་སྟེར་བྱེད་པའི།།
དཔེ་དེབ་ཀློག་པའི་གཤིས་བཟང་ལ།།
གང་ཐུབ་གཞོལ་བར་བྱེད་ངེས་ཡིན།།
སློབ་མའི་སྦྱངས་འབྲས་ཞན་མཐོང་ཡང་།།
འཕྲལ་དུ་ཚིག་མཚོན་མི་འཕེན་པར།།
སྙན་པའི་གཏམ་གྱིས་སློབ་མ་ཡི།།
སེམས་པ་གཟེངས་སུ་བསྟོད་ངེས་ཡིན།།
ཅུང་ཟད་ཤེས་པས་མི་ངོམས་པར།།
ཤེས་བྱ་གང་དང་སུ་ཞིག་ལས།།
ལེན་པའི་གོ་སྐབས་བྱུང་ན་ཡང་།།
དགའ་བས་དང་དུ་ལེན་ངེས་ཡིན།།
རང་ལ་དགའ་ཞིང་བཀུར་བ་ཡི།།
མི་བུ་དག་གི་རེ་བ་རྣམས།།
རླུང་དུ་བསྐུར་བ་མ་ཡིན་པར།།
གཅེས་འཛིན་བྱེད་ལ་བརྩོན་ངེས་ཡིན།།
སེམས་ལ་དྲག་ཏུ་ཁོལ་ན་ཡང་།།
གཞན་གྱི་སེམས་ལ་དོན་མེད་དུ།།
རྨ་ཁ་གཏོད་པའི་སྐད་ཆ་དག།
མིད་ནས་སྡོད་ལ་གཞོལ་ངེས་ཡིན།།
མདོར་ན་ལོ་འདིའི་ལོ་མཇུག་ཏུ།།
ཕྱིར་བལྟས་བསློགས་ཏེ་ལྟ་བའི་ཚེ།།
སེམས་ལ་འགྱོད་པ་མེད་པ་ཞིག།
ཡོང་བའི་དོན་ལ་འབུང་ངེས་ཡིན།།
No comments:
Post a Comment