སྦེལ་ཀོབ་བཟང་བར་གྲགས་ཀྱང་།།
དོན་ལ་ཞིབ་པར་དཔྱད་ན།།
དེ་ན་དགུ་པ་བར་དུ།།
ཚོང་ཁང་འབྱེད་མཁན་ཡོད་ཀྱང་།།
འདི་རུ་དྲུག་པའི་རྗེས་ལ།།
ཚོང་ཁང་འབྱེད་མཁན་དཀོན་འདུག།
དེ་ན་འཁོར་གསུམ་གཏོང་མཁན།།
རང་བཞིན་འཇམ་པོ་ཡོད་ཀྱང་།།
འདི་རུ་འཁོར་གསུམ་གཏོང་མཁན།།
གཅིག་ལས་གཅིག་གྱོང་རེད་འདུག།
དེ་ན་གཞུང་འབྲེལ་མཛད་སྒོར།།
བཅར་སྟབས་བདེ་པོ་ཡོད་ཀྱང་།།
འདི་རུ་སྦག་སྦག་མེད་ན།།
དཀའ་ལས་ཁག་པོ་རེད་འདུག།
དེ་ན་མཛད་སྒོའི་ས་ན།།
གསོལ་ཇ་འབྲས་སིལ་ཡོད་ཀྱང་།།
འདི་རུ་གསོལ་ཇ་འབྲས་སིལ།།
ཧ་ལམ་མཐོང་རྒྱུ་མི་འདུག།
དེ་ན་བག་ཕེབས་ཉུལ་ས།།
ཧ་ཅང་མང་པོ་ཡོད་ཀྱང་།།
འདི་རུ་བག་ཕེབས་ཉུལ་ས།།
ཉིན་མོའི་སྐར་མ་རེད་འདུག།
སྦེལ་ཀོབ་མོན་གྷོའི་དབར་ལ།།
མཚུངས་སྡུར་ལན་ཅིག་བྱེད་དུས།།
མོན་གྷོའི་ཡོན་ཏན་མཐོང་སྟེ།།
སེམས་ནས་ཇེ་དྲན་རེད་འདུག།
བྲེལ་ཟིང་གི་བར་ནས་ཡུན་རིང་ཞིག་ལ་སྙན་རྩོམ་འབྲི་ཁོམ་མ་བྱུང་བས། རང་གི་དགའ་ཕྱོགས་སླར་གསོའི་ཆེད་དུ་དེ་རིང་རང་ཚོར་གཞིར་བཞག་གི་སྙན་རྩོམ་ཐར་ཐོར་ཞིག་འབྲི་ཁུལ་བགྱིས་པའོ།།༼༢༠༢༣།༠༩།༠༢༽
No comments:
Post a Comment