Monday, 1 January 2024

ཉིས་སྟོང་ཉེར་གསུམ།

རང་ལ་དབང་བའི་ཁྱིམ་ཞིག། 
བརྩིག་རྒྱུའི་སེམས་ཀྱི་རྨི་ལམ།། 
རྒྱུ་རྐྱེན་འཛོམས་པའི་ངང་ནས།། 
མངོན་གྱུར་བྱུང་བའི་ལོ་ཡིན།།༼༢༣།༠༡༽ 

བཟའ་ཟླ་བུ་ཕྲུག་གཉིས་དང་།། 
ས་ཐག་ཉེ་ས་ཞིག་ལ།། 
ལས་ཀ་རག་འདོད་གཞིར་བཟུང་།། 
གནས་སྤོས་ཐོབ་པའི་ལོ་ཡིན།།༼༢༣།༠༢༽ 

གནམ་གཤིས་ཚ་དྲོད་མཉམ་ཞིང་།། 
མཁོ་རྒུ་བདེ་བླག་འཐོབ་པའི།། 
ལྷོ་ཕྱོགས་སྦེལ་ཀོབ་གནས་སུ།། 
ལས་བཅར་ཞུས་པའི་ལོ་ཡིན།།༼༢༣།༠༣༽ 

གཏམ་བཤད་རེ་མོས་སྐབས་སུ།། 
དཔེ་ཀློག་དགེ་མཚན་བཅུ་དང་།། 
ཀློག་ཚུལ་སོགས་ཀྱི་སྐོར་ལ།། 
གཏམ་བཤད་བྱས་པའི་ལོ་ཡིན།།༼༢༣།༠༤༽ 

སྐུ་ན་བགྲེས་པའི་བླ་མའི།། 
གསེར་ཞལ་མཇལ་རྒྱུ་བྱུང་ཞིང་།། 
མགོ་ལ་རྙེད་དཀའི་ཕྱག་དབང་།། 
སྐལ་བཟང་སྨིན་པའི་ལོ་ཡིན།།༼༢༣།༠༥༽ 

ཚ་བོ་གེ་སར་རྣམ་རྒྱལ།། 
མངོན་སུམ་མིག་གིས་མཐོང་ཞིང་།། 
བརྩེ་བས་བྲང་ལ་སྦྱར་ཏེ།། 
ཡར་མར་ཁུར་བའི་ལོ་ཡིན།།༼༢༣།༠༥༽ 

སྐར་མ་ལྔ་ཅན་ཡིན་པའི།། 
ཟ་ཁང་ཆེན་མོར་ཕྱིན་ནས།། 
སྣ་མང་བཅུད་ལྡན་ཟས་ལ།། 
རོལ་རྒྱུ་བྱུང་བའི་ལོ་ཡིན།།༼༢༣།༠༥༽ 

ལྡི་ལི་མན་ཇུ་ཊི་ལིའི།། 
མ་སྐྱེས་ཨ་མ་ཞེས་པའི།། 
གྲགས་ཅན་ཟ་ཁང་ནང་ལ།། 
དངོས་སུ་བསྐྱོད་པའི་ལོ་ཡིན།།༼༢༣།༠༥༽ 

བརྩེ་ལྡན་ཚེ་རོགས་ལྷན་དུ།། 
ཁྲོམ་ར་ཆེན་མོར་ཕྱིན་ནས།། 
སི་ཊར་བྷག་སི་འཚིག་ཇ།། 
མཉམ་དུ་བཏུངས་པའི་ལོ་ཡིན།།༼༢༣།༠༥༽ 

ཀམ་ལ་གྲོང་དུ་ཡོད་པའི།། 
མངར་ཟས་ཚོང་ཁང་ནང་ནས།། 
བཟའ་བྱ་དམིགས་བསལ་ཅན་ཞིག། 
བཟའ་ཟླས་སྟེར་བའི་ལོ་ཡིན།།༼༢༣།༠༥༽ 

གཅེས་ཕྲུག་བསྟན་འཛིན་འཛོམས་སྐྱིད།། 
རང་ལོ་དགུ་ལ་སོན་པའི།། 
བཀྲ་ཤིས་སྐྱེས་སྐར་སྲུང་བརྩི།། 
ལྡི་ལིར་བྱས་པའི་ལོ་ཡིན།།༼༢༣།༠༦༽ 

ནང་མི་མཉམ་འཛོམས་ངང་ནས།། 
གྱ་བརྒྱད་ཕེབས་པའི་འཁྲུངས་སྐར།། 
ལྷོ་གཞིས་སྦེལ་ཀོབ་ཡུལ་དུ།། 
གཏང་རྒྱུ་བྱུང་བའི་ལོ་ཡིན།།༼༢༣།༠༧༽ 

འཕགས་མ་རྗེ་བཙུན་མ་དང་།། 
༸རྒྱལ་དབང་ཡིད་བཞིན་ནོར་སོགས།། 
རྒྱལ་བ་སྲས་བཅས་དྲུང་དུ།། 
ཆང་རག་བཅད་པའི་ལོ་ཡིན།།༼༢༣།༠༨།༠༩༽ 

ལྷོ་ཁུལ་བོད་སློབ་དྲུག་པོས།། 
ང་ཚོའི་སྡིངས་ཆའི་སྒང་ནས།། 
བགྲོ་གླེང་གཏམ་བརྗོད་ལ་སོགས།། 
གཟིགས་འབུལ་ཞུས་པའི་ལོ་ཡིན།།༼༢༣།༡༠༽ 

དགོས་པ་མང་པོར་བལྟས་ཏེ།། 
གཅེས་ཕྲུག་བསྟན་འཛིན་འཛོམས་སྐྱིད།། 
ཟམ་པ་སློབ་གྲྭའི་ནང་ལ།། 
སློབ་འཇུག་ཞུས་པའི་ལོ་ཡིན།།༼༢༣།༡༠༽ 

ང་དང་པ་སངས་ལྷ་མོ།། 
འཇིག་རྟེན་མཐུན་འཇུག་བྱས་ཏེ།། 
བཅུ་གཅིག་འཁོར་བའི་ཉིན་མོ།། 
མཉམ་དུ་བསུས་པའི་ལོ་ཡིན།།༼༢༣།༡༠༽ 

 ཚེ་རོགས་མཛེས་བཟང་མ་ཡིས།། 
ང་ཡི་སྐྱེས་སྐར་ཉིན་མོར།། 
རྐང་པར་རན་པའི་ལྷམ་ཞིག། 
སྐྱེས་སུ་གནང་བའི་ལོ་ཡིན།།༼༢༣།༡༡༽ 

ང་ཡི་མི་ཚེའི་འཇིག་རྟེན།། 
བཟའ་ཟླ་གཅེས་ཕྲུག་གཉིས་པོ།། 
དགུན་ཁའི་གུང་སེང་གཏོང་དུ།།
ངའི་སར་སླེབས་པའི་ལོ་ཡིན།།༼༢༣།༡༢༽ 

མདོར་ན་དྲན་པར་འོས་པའི།། 
གནས་ཚུལ་དུ་མ་བྱུང་བས།། 
ཕྱི་ལོ་ཉིས་སྟོང་ཉེར་གསུམ།། 
དམིགས་བསལ་ལོ་རུ་གྱུར་སོང་།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།