གཅིག་དགུ་ང་གཅིག་ལོ་ལ།།
དཔལ་ལྡན་ཤེས་རིག་བཀའ་བློན།།
ལྕང་ར་ཐར་ལམ་སྒྲོལ་མ།།
ཀོང་པོའི་ཡུལ་དུ་འཁྲུངས་ཡོད།།
གཅིག་དགུ་ང་དགུ་ལོ་ལ།།
དགུང་ལོ་བརྒྱད་ཙམ་ཡིན་དུས།།
སྐྱིད་པའི་ཕ་ཡུལ་བཞག་ནས།།
རྒྱ་གར་ཡུལ་དུ་ཕེབས་ཡོད།།
གཅིག་དགུ་དོན་ལྔའི་ལོ་ལ།།
མཻ་སོར་གཙུག་ལག་ཁང་ནས།།
གཙུག་ལག་རབ་འབྱམས་ཕྱག་འཁྱེར།།
གཟི་བརྗིད་ངང་ནས་བཞེས་ཡོད།།
མི་ལོ་སོ་བདུན་རིང་ལ།།
དགེ་རྒན་སློབ་སྤྱི་གནང་ནས།།
ཤེས་ལྡན་བོད་ཕྲུག་སྐྱོང་ལ།།
སྐུ་ལས་ཚད་མེད་བསྐྱོན་ཡོད།།
ཉིས་སྟོང་བཅུ་གསུམ་ལོ་ལ།།
སྙན་གྲགས་ཤིན་ཏུ་ཆེ་བའི།།
རྒྱལ་ཡོངས་དགེ་རྒན་གཟེངས་རྟགས།།
སྲིད་འཛིན་ཕྱག་ནས་བཞེས་ཡོད།།
ཉིས་སྟོང་ཉེར་གཅིག་ལོ་ནས།།
ཤེས་རིག་བཀའ་བློན་གནང་ཞིང་།།
ཤེས་ཡོན་ཡར་རྒྱས་གཏོང་ཆེད།།
རླབས་ཆེན་ཕྱག་ལས་གནང་ཡོད།།
མདོར་ན་བཀའ་བློན་མཆོག་གིས།།
ང་ཚོ་བོད་ཕྲུག་ཆེད་དུ།།
ཉིན་མཚན་སྐུ་ལས་བསྐྱོན་སོང་།།
བཀའ་དྲིན་ཤིན་ཏུ་ཆེ་སོང་།།
ཚེ་རོགས་ཀྱིས་བསྐུལ་ངོར་བཀའ་བློན་མཆོག་གི་ལོ་རྒྱུས་ཅུང་ཟད་བཀླགས་ཏེ་བྲིས་པའོ།།
No comments:
Post a Comment