གཅིག་སྟོང་དགུ་བརྒྱ་བཞི་བཅུ་ཡི།།
བདུན་པའི་ཚེས་པ་བདུན་གྱི་ཉིན།།
ཨ་མ་རྗེ་བཙུན་པད་མ་མཆོག།
བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས།།
དགུང་ལོ་བཅུ་ཙམ་སོན་པའི་ཚེ།།
རྒྱ་གར་ས་གནས་ཀ་སྦུག་ཏུ།།
ཕེབས་ཏེ་ཤེས་བྱ་རིག་གནས་ལ།།
ཐོས་བསམ་སློབ་གཉེར་གནང་འགོ་བརྩམས།།
གཅིག་སྟོང་དགུ་བརྒྱ་རེ་བཞི་ལོར།།
སློབ་མཐར་ལེགས་པར་སོན་གྱུར་ཏེ།།
ཕྱི་རྒྱལ་དབྱིན་ཡུལ་ལུང་པ་ནས།།
རྒྱ་གར་ཡུལ་ལ་ཕྱིར་ཕེབས་གནང་།།
གཅིག་སྟོང་དགུ་བརྒྱ་རེ་བཞི་ནས།།
ཕྱི་ལོ་ཉིས་སྟོང་དྲུག་གི་བར།།
བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་གྱི།།
ལྕི་བའི་ཐུགས་འགན་ཕྲག་ཏུ་བཞེས།།
ཞབས་ལོ་ཞེ་གཉིས་ཙམ་གྱི་རིང་།།
བོད་ཕྲུག་ཁྱིམ་སྡེ་རྒྱ་བསྐྱེད་ཅིང་།།
བོད་ཕྲུག་སྟོང་ཕྲག་མང་པོ་ལ།།
ཤེས་ཡོན་སྦྱོང་བའི་གོ་སྐབས་བསྩལ།།
ལག་ཤེས་སྦྱོང་བའི་བསྟི་གནས་དང་།།
གཞོན་ནུའི་སྡོད་ཁང་གསར་འཛུགས་ཀྱིས།།
རང་ཉིད་དགའ་བའི་ལམ་བུའི་ཐོག།
བདེ་བར་སྐྱོད་པའི་མཐུན་རྐྱེན་སྦྱར།།
གཅིག་སྟོང་དགུ་བརྒྱ་གོ་ལྔའི་ལོར།།
བཙན་བྱོལ་བོད་མིའི་གྲོས་ཚོགས་ནས།།
གངས་ཅན་བོད་ཀྱི་ཨ་མ་ཞེས།།
འོས་ཤིང་འཚམ་པའི་གཟེངས་བསྟོད་ཕུལ།།
རྒྱལ་ཁབ་འདྲ་མིན་སྣ་ཚོགས་ནས།།
གྲགས་ཅན་གཟེངས་རྟགས་དུ་མ་ཡིས།།
གཟེངས་སུ་ཐོན་པའི་ཕྱག་རྗེས་ལ།།
མངོན་པར་བསྟོད་པ་ཨེ་མ་མཚར།།
ཁྱེད་ནི་བདག་ཅག་བོད་ཕྲུག་གི།
མ་སྐྱེས་ཨ་མ་དྲིན་ཆེན་ཡིན།།
བརྒྱད་ཅུར་ཕེབས་པའི་གྱ་སྟོན་དེ།།
ང་ཚོས་དགའ་ཞིང་སྤྲོ་བཞིན་བསུ།།
ཁྱེད་ཉིད་སྐུ་ཚེ་རིང་འཚོ་ཞིང་།།
ཐུགས་ཀྱི་དགོངས་བཞེད་མ་ལུས་པ།།
གེགས་མེད་ཡིད་བཞིན་འགྲུབ་པ་ཡི།།
བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ།།
ཨ་མ་རྗེ་བཙུན་པད་མ་མཆོག་གི་བྱམས་བརྩེའི་འོད་དཀར་ལ་བརྟེན་ནས་ལུས་སེམས་འཚར་ལོངས་བྱུང་བའི་གུས་པ་ནོར་བུ་ཉི་མ་ནས་ཁོང་གི་བཀའ་དྲིན་རྗེས་སུ་དྲན་བཞིན་བྲིས་པ་དགེའོ།།
No comments:
Post a Comment