Thursday, 22 September 2011

སྣ་བཅད་ལས་བརྩམས་དེ་འགྲིག་གམ།།

རང་ས་གཞན་ལག་ཏུ་ཤོར་སོང་།།
གཞན་ཡུལ་འཁྱམ་དགོས་དེ་བྱུང་སོང་།།
གཞན་ཡུལ་རང་ཡུལ་ལྟར་བྱས་ནས།།
གང་བསམ་འཁྲབ་པ་དེ་འགྲིག་གམ།།

རང་མི་གཞན་མི་ཡིས་བཀྲོངས་སོང་།།
རང་མི་གཞན་མི་ཡིས་རྨས་སོང་།།
རང་དགྲ་རྒྱ་ཡན་དུ་བཏང་ནས།།
རང་མི་གསོད་པ་དེ་འགྲིག་གམ།།


དགྲ་ལ་རྐུབ་ཕྱོགས་དེ་བསྟན་ཏེ།།
གཞན་ཡུལ་འགྲིམ་པ་དེ་བརྗེད་ནས།།
རང་མི་གཉོམ་ཆུང་གི་ཁྲོད་དུ།།
རྫིག་རྫིག་བྱེད་པ་དེ་འགྲིག་གམ།།

དགྲ་བོས་གཡོ་སྒྱུ་ཡི་འོག་ནས།།
འཛམ་གླིང་མི་མང་དག་བསླུས་སོང་།།
རང་མིས་ཚོང་སྤོགས་ལ་བསམ་ནས།།
མགོ་སྐོར་གཏོང་བ་དེ་འགྲིག་གམ།།

རང་སར་བོད་ཡིག་གི་སྦྱོང་སྐལ།།
དགྲ་བོས་མེད་པ་ནི་བཟོས་སོང་།།
བྱེས་མིས་བོད་སྐད་དང་དབྱིན་ཇི།།
བརྗེ་བོ་བྱེད་པ་དེ་འགྲིག་གམ།།

རྒྱལ་གཅེས་དཔའ་བོ་དང་དཔའ་མོ།།
རྒྱ་མིས་བཙོན་ཁང་དུ་བཅུག་སོང་།།
བྱེས་མི་དངུལ་གསོག་གི་ཆེད་དུ།།
ནུབ་ཕྱོགས་འགྲིམ་པ་དེ་འགྲིག་གམ།།


དགྲ་བོས་རང་མི་ལ་བརྙས་སོང་།།
མི་རིགས་དབྱེ་འབྱེད་དེ་བྱས་སོང་།།
རང་མིས་རང་མི་ལ་བརྙས་ཏེ།།
སྣ་བཅད་ལས་བརྩམས་དེ་འགྲིག་གམ།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།