Sunday, 13 November 2011

ལས་དབང་།

ལས་དབང་ཟེར་བ་ནི་ངོ་མ་ཅི་འདྲའི་ཡ་མཚར་ཞིང་ལྐོག་གྱུར་ཞིག་རེད་ཨང༌།  ལས་དབང་གི་དེབ་ཆུང་དུ་གང་བཀོད་ལྟར་བྱ་དགོས་པ་ལས་དེ་ལ་རྒོལ་བའམ་དེ་ལས་ཕྱིན་ཅི་ལོག་ཏུ་འགྲོ་བའི་ནུས་པ་ནི་སུ་ལའང་མེད།  ང་རང་ལ་མཚོན་ནའང་།  ལས་དབང་གི་བཀོད་སྒྲིག་འོག་གནས་འདིར་འབྱོར་ཡང་དེ་ཉིད་དུ་འདི་ནས་གང་ཞིག་ཏུ་འགྲོ་རྒྱུ་བཀོད་ཡོད་མེད་ནི་ངས་ཀྱང་མི་ཤེས།
གཅིག་བྱས་ན་དེ་ཉིད་དུ་བཀོད་པ་ནི་ཉུང་ཉུང་ཞིག་ཡིན་སྲིད་ལ།  གཅིག་བྱས་ན་མང་པོ་ཞིག་ཀྱང་ཡིན་སྲིད། འོན་ཀྱང་ངས་ནི་ཅི་ཡང་མི་ཤེས། ལས་དབང་གི་དེབ་ཆུང་གི་ཤོག་ངོས་བརྗེ་ཐེངས་རེར་ང་ཚོ་ལ་ཉམས་མྱོང་གསར་པ་རེ་སྤྲོད་ཀྱི་ཡོད་པ་མིན་ནམ།  ང་རང་ལ་ཆ་བཞག་ན།  དེ་སྔོན་ཉིན་མ་གང་འཁྱོལ་ལ་རྩེན་པའི་འདོ་མེད་ཅིག་ཡིན་ནའང་།  ལས་དབང་གིས་འདི་རུ་བདས་ཤིང་།  བཀླགས་མ་མྱོང་བའི་སྒྲུང་དེབ་དང་བརྡ་འགྲེལ་དུ་མ་ཞིག་བཀླག་ཏུ་བཅུག་པ་ནི་ང་རང་ལ་གཞིགས་ན་ངོ་མ་དགའ་འོས་པའི་དོན་ཞིག་ཏུ་གདའ།
            ངས་ང་རང་གི་ལས་དབང་གི་དེབ་ཆུང་དུ་འཁོད་པའི་གནས་ཚུལ་མཐའ་དག་ཤེས་ན་འདོད་མོད།  དེ་ནི་ཤེས་སླ་བ་ཞིག་ག་ལ་ཡིན། དེ་ཉིད་ཤེས་པར་འདོད་ན་དེ་ལ་དཔག་པའི་དཀའ་སྤྱད་ལྷུར་དུ་བླང་དགོས་པ་མ་ཡིན་ནམ། དེ་ལྟ་བུའི་དཀའ་སྤྱད་ཅིག་བདག་གིས་བཟོད་དམ། མདོར་ན། ལས་དབང་གི་དེབ་ཆུང་དུ་འཁོད་ཚད་ཤེས་པར་འདོད་པ་ནི་སྟོང་བསམ་འབའ་ཞིག་ཏུ་ཟད་དོ༎
            ལས་དབང་གི་དེབ་ཆུང་དུ་ཅི་ཡང་བཀོད་ཡོད་སྲིད་མོད། གཙོ་བོ་རང་ཉིད་ཀྱི་ཀུན་སློང་ལ་ལྷད་མེད་ན།  དེ་ཙམ་སྡུག་པ་ཞིག་འཁོད་ཡོད་པར་དཀའ་སྙམ།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།