Wednesday, 14 January 2015

ཚོགས་ཐུན་དང་པོ།

བདུན་པ་ཡོལ་ཙམ་ཞིག་ལ་གཉིད་ལས་སད།།
བྲེལ་འཚུབ་ཆེན་པོས་ཁ་ངོ་བཀྲུས་པར་བྱས།།
རྗེས་ལུས་ཐེབས་ན་མི་ལེགས་བསམ་པ་ཡིས།།
ཞོགས་པའི་ཟས་ཀྱང་མེད་པར་འཛིན་གྲྭར་བསྐྱོད།།


བཅུ་གཉིས་འཁོར་ལོའི་འཛིན་གྲྭར་འཛུལ་མ་ཐག།
ླཅི་ཞིག་བསླབས་ན་སྙམ་པའི་དོགས་འདྲི་སླེབས།།
སློབ་མ་འགའ་རེ་བསླངས་ཏེ་རྒྱུན་ལྡན་དུ།།
ནོར་འཁྲུལ་བྱེད་པའི་དག་སྡེབ་འགའ་རེ་དྲིས།།

ཁྲི་སྲོང་སྐབས་སུ་ཕྱི་ནས་གདན་དྲངས་པའི།།
སྨན་པ་གྲགས་ཅན་དགུ་ཡི་གྲངས་འདྲེན་དེ།།
རྒྱུགས་ཆེན་ནང་དུ་ཡང་ཡང་སླེབས་པའི་ཕྱིར།།
སློབ་མར་ཅི་ཙམ་བཤད་རྒྱུ་ཡོད་མེད་བལྟས།།

སྨན་པ་མཁས་པ་དགུ་པོ་དེ་དག་གི།
ཡུལ་དང་མིང་ནི་གཅིག་ཀྱང་མ་ནོར་བར།།
ཚུལ་བཞིན་བཤད་རྒྱུ་ཡོད་པའི་སློབ་མ་ནི།།
ཉིན་མོའི་སྐར་མ་ཡིན་པ་ད་གཟོད་རྟོགས།།

དེ་ཚོ་ཤེས་ན་གནད་འགག་ཡོད་པའི་ཕྱིར།།
སྨན་པ་དགུ་པོའི་ཡུལ་དང་མིང་ལ་སོགས།།
མདུན་གྱི་ནག་པང་ངོས་སུ་བྲིས་བྱས་ཏེ།།
བློ་རུ་ངེས་དགོས་ཆེ་བའི་གནས་ལུགས་བཤད།།

སྨན་པ་འགའ་ཡི་མིང་གི་དག་ཆ་ནི།།
འབྲི་བར་དཀའ་ཞིང་འདོན་པར་དཀའ་བས་ན།།
འབྲི་ཀློག་ཇི་ལྟར་དགོས་པའི་ལམ་སྟོན་ཞིག།
སློབ་མ་རྣམས་ལ་གཟབ་ནན་ངང་ནས་བཤད།།

ཚོགས་ཐུན་དང་པོ་གྲོལ་བའི་ཏིང་སྒྲ་ཞིག།
ཐོས་འཛིན་བུ་གའི་ནང་དུ་ལྷུང་མ་ཐག།
འབྲི་མཚམས་བཤད་མཚམས་གཉིས་པོ་བཞག་བྱས་ཏེ།།
རང་གི་ལྟོ་ཕད་ཁྱེར་ནས་ཕྱི་རུ་ཐོན།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།