Tuesday, 20 October 2015

ཨེ་མ་མཚར།

འཆད་འཁྲིད་རྐྱང་པ་གནང་ནས་མི་བཞུགས་པར།།
གད་མོ་སློང་བའི་དགོད་བྲོའི་མཚར་གཏམ་གྱིས།།།
ཉོབ་སྣང་སྐྱེ་བའི་གོ་སྐབས་འཕྲོག་མཁས་པའི།།
དགེ་བཤེས་ལྷག་རྡོར་འཁྲིད་རྩལ་ཨེ་མ་མཚར།།


སྤྱོད་འཇུག་ཙམ་གྱིས་ཆོག་པར་མི་གནང་བར།།
སྒོམ་དང་མཚན་ཉིད་དེ་བཞིན་སློབ་མ་ཡི།།
དོགས་པ་ཡོད་ཚད་ལན་གྱིས་སེལ་གནང་བའི།།
ཆོས་དགེ་ཟུང་གི་ཐུགས་བརྩེ་ཨེ་མ་མཚར།།

སྣང་བ་སྐྱིད་པོས་སློབ་འཁྲིད་གནང་བའི་ཐོག།
ལུས་སེམས་བདེ་སྐྱིད་ངང་ནས་གནས་པའི་ཐབས།།
ལུས་སྦྱོང་སོགས་ཀྱང་བརྩེ་བས་སློབ་གནང་བའི།།
སྒྱུར་དགེ་མཆོག་གི་དགོངས་པ་ཨེ་མ་མཚར།།

ཤ་ཚའི་གཏམ་དང་འཁྲིད་ཐབས་སྣ་མང་གིས།།
བོད་ཡིག་སྦྱོང་ལ་ཉོབ་པའི་སློབ་མ་ཡང་།།
བོད་ཡིག་སྦྱོང་ལ་སྤྲོ་བ་སྤེལ་གནང་བའི།།
བོད་དགེ་ན་གའི་བཟོད་པ་ཨེ་མ་མཚར།།

བོད་པ་མིན་ཡང་བོད་ལ་སེམས་དཀར་ཞིང་།།
རྒྱས་སྤྲོས་སྤངས་ནས་གཞན་ཕན་བསམ་པ་ཡིས།།
ཧུར་བརྩོན་ཆེན་པོས་སློབ་ཚན་འཁྲིད་གནང་བའི།།
དབྱིན་དགེ་ཀེ་རིའི་སེམས་ཤུགས་ཨེ་མ་མཚར།།

གསུང་བཤད་རིང་པོའི་སྙིང་དོན་ལེན་མཁས་ཤིང་།།
ང་ཚོའི་དགོས་མཁོ་ཅི་དང་གང་ཡིན་ཡང་།།
འབད་པ་བརྒྱ་ཡིས་སྐོང་ལ་བརྩོན་གནང་བའི།།

ཚོགས་སྐྱོང་ཟླ་སྒྲོན་བསམ་ཤེས་ཨེ་མ་མཚར།།

༢༠༡༥།༠༨།༢༠ ཉིན་གྲོགས་པོ་ཞིག་གིས་བསྐུལ་བ་ལྟར་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།