Saturday, 4 February 2017

བསྟོད་འོས་བསྟོད་པའི་གླུ་ཆུང་།

མཁས་པས་དྲན་དབང་སྐྱེ་བོས་གོང་དུ་བཀུར།།
བཙུན་པས་སྐུ་ལས་ཚུལ་ཁྲིམས་དྲི་བསུང་འཐུལ།།
བཟང་བས་འགྲོ་བ་འཕྲལ་ཕུགས་བདེ་ལ་འགོད།།
༸སྐྱབས་རྗེ་ཟམ་གདོང་བླ་མར་སྙིང་ནས་བསྟོད།།

མཁྱེན་པའི་མཚོ་རུ་གནའ་དེང་ཤེས་བྱ་ཆུད།།
བརྩེ་བའི་མཁའ་ཡིས་འགྲོ་བ་ཀུན་ལ་ཁྱབ།།
ནུས་པའི་འོད་ཀྱིས་བློ་གྲོས་པད་མོ་འབྱེད།།
མཁས་དབང་ཟམ་གདོང་བླ་མར་སྙིང་ནས་བསྟོད།།

སྐུ་ཡི་རྟ་བདུན་ཡུལ་གྲུ་ཀུན་ཏུ་བྱོན།།
གསུང་གི་བདུད་རྩིས་ལོག་རྟོག་བསལ་བར་མཛད།།
ཐུགས་ཀྱི་མཚོ་མོར་བོད་དོན་ནོར་བུ་བཅངས།།
བཀའ་ཟུར་ཟམ་གདོང་བླ་མར་སྙིང་ནས་བསྟོད།།

རང་ཅག་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྐྱེས་ཆེན་དམ་པ་ཁོང་གི་དགུང་གྲངས་དོན་ལྔར་སོན་པའི་སྐུ་འཁྲུངས་དང་སྟབས་བསྟུན་སྨྱུག་ཐོགས་པ་དག་གིས་སྙན་རྩོམ་དང་། སྐད་ངག་སྙན་པ་དག་གིས་གླུ་གཞས་རེ་ཆེད་ཕུལ་གནང་ཐུབ་ན་ཤིན་ཏུ་བཟང་སྙམ། ད་ལན་གུས་པས་དྲན་སྐུལ་གྱི་ཚུལ་དུ་གོང་གི་ཚིགས་བཅད་འདི་བྲིས་ཁུལ་ལགས། ཁོང་གི་སྐུ་འཁྲུངས་ནི་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་ཡིན་པས་ད་ལྟ་དུས་ཚོད་ཡོད་པ་བཞིན་སྔོན་ཚུད་ནས་གྲ་སྒྲིག་གནང་གལ་ཞེས་ཝ་ཎ་པས་གཙོས་པའི་བཀའ་དྲིན་བསམ་ཤེས་ཅན་གྱི་སྐྱེ་བོ་ཀུན་ལ་རེ་འདུན་ཞུ་འདོད་བྱུང་།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།