Saturday, 29 October 2022

ལས་ཀྱི་མིང་ཅན་མ་ལ་གསང་པོར་བརྗོད་པའི་སྙིང་གཏམ་དམར་རྗེན་མ།

འདྲེན་བྱེད་ཟུང་གི་ཡུལ་དུ་གྱུར་ནས་བཟུང་།། 
ལྟ་བྱེད་ཟུང་གི་ཡུལ་དུ་ཟུག་པར་གྱུར།། 
ཐུང་བའི་མིང་ཉིད་ངེས་པར་གྱུར་ནས་བཟུང་།། 
བློ་ཡི་བུང་བ་འཁོར་ས་ཉིད་དུ་གྱུར།། 

སྐད་ནི་འཛེར་ཞིང་རྩུབ་པའི་གཤིས་མངའ་ཞིང་།། 
སློབ་མར་བསྟོད་པའི་ངང་ཚུལ་མ་རིག་ཀྱང་།། 
སེམས་སོང་བུ་མོ་ཞིག་དང་གཤིས་མཚུངས་ནས།། 
སེམས་ཀྱི་དྲོ་སར་ངང་གིས་བསུ་བར་བརྩམས།། 

བལྟ་བས་མི་ངོམས་ཞལ་དཀྱིལ་མི་འཛོམས་ཤིང་།། 
ཕྲ་སྦོམ་རན་པའི་སྐྱེས་གཟུགས་མི་ལྡན་ཡང་།། 
སྔོན་མའི་སེམས་ཀྱི་བག་ཆགས་ཟབ་མོ་ཡིས།། 
གང་ཞིག་མ་རིག་ཉིན་གང་སྟོང་སྣང་སྐྱེས།། 

སེམས་ཀྱི་བསམ་ཚུལ་སྦ་གསང་ཡེ་མེད་པར།། 
གསོང་པོར་བརྗོད་ཀྱང་དགོད་ཙམ་བྱེད་པ་ལས།། 
མི་སྙན་ཚིག་གིས་གཤེ་བར་མི་བྱེད་པ།། 
ལྷག་པར་ཆགས་ཤིང་དགའ་བའི་གཞི་མར་གྱུར།། 

དེ་རིང་གྲོགས་དང་ཁ་བརྡ་གློད་པ་ལས།། 
བུ་མོ་ཁྱེད་ཀྱི་ཕྱོགས་གཞན་རྟོགས་གྱུར་བས།། 
ད་ནི་སྨྱོན་པའི་ངང་ཚུལ་སྤངས་བྱས་ཏེ།། 
ཚུལ་ལྡན་ལས་ཀ་རྩོམ་ལ་འབད་ངེས་ཡིན།། 

སེམས་ན་ཟུག་ཁྱེད་སེམས་ཀྱི་གཏིང་རིམ་དུ།། 
གནས་པར་མ་ཟད་རྨི་ལམ་ནང་དུ་ཡང་།། 
ལན་འགར་ཕེབས་ནས་འཁྲུལ་སྣང་འཇིག་རྟེན་ལ།། 
བདེ་སྐྱིད་བསྣན་པ་ནམ་ཡང་ཚོར་བཞིན་ཡོད།། 

ཁྱེད་ལ་འོས་པ་བདག་ཉིད་མིན་ཤེས་ཀྱང་།། 
ཁྱེད་ལ་འོས་པའི་ཚེ་རོགས་བཟང་པོ་ཞིག། 
ཁྱེད་ལ་ཐོབ་ནས་བདེ་སྐྱིད་འཚོ་བ་ཞིག།། 
ཁྱེད་ལ་འཐོབ་པའི་སྨོན་འདུན་སྙིང་ནས་ཞུ།། 

༢༠༢༢།༠༤།༢༥ ཉིན་ཧོབ་བྲིས་བྱས།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།