འདི་རུ་ཐོག་མར་འབྱོར་དུས།།
དགོང་ཟས་ཞོགས་ཟས་གནང་མཁན།།
བཀའ་མོལ་གསོང་པོར་སྨྲས་ཏེ།།
ས་རྒྱུས་མི་རྒྱུས་ལོན་པར།།
རྣམ་དག་ཕྱག་རོགས་གནང་མཁན།།
ཨ་མ་མིག་དམར་ལྷ་མོ།།
བར་སེང་ལྟོགས་གསོས་ཆེད་དུ།།
ཏན་ཤིང་ལ་སོགས་བཟའ་བྱ།།
ཡང་ཡང་བསྣམས་ནས་ཕེབས་མཁན།།
ཨ་མ་མིག་དམར་ལྷ་མོ།།
སློབ་སྤྱིའི་བཟའ་ཟླ་ཡིན་ཡང་།།
ང་རྒྱལ་བཙན་ཤེད་མེད་པར།།
རྟག་ཏུ་དམན་ས་འཛིན་མཁན།།
ཨ་མ་མིག་དམར་ལྷ་མོ།།
དུས་ཆེན་གལ་ཆེའི་ཆེད་དུ།།
གཞས་སྣ་འཁྲབ་སྦྱོང་བྱེད་པར།།
རང་ཤག་སྡིངས་ཆར་བཀོལ་མཁན།།
ཨ་མ་མིག་དམར་ལྷ་མོ།།
འཁྲབ་སྦྱོང་བྱས་པའི་རྗེས་ལ།།
གསོལ་ཇ་ཞལ་ཏོག་བཀྱག་ནས།།
སྙན་པའི་བཀའ་མོལ་གསུང་མཁན།།
ཨ་མ་མིག་དམར་ལྷ་མོ།།
གུང་ཟས་མེད་པ་ཞིག་ནས།།
ཡོད་པར་གྱུར་པའི་རྗེས་ལ།།
སི་པན་སྔོ་ཚལ་གནང་མཁན།།
ཨ་མ་མིག་དམར་ལྷ་མོ།།
སློབ་གྲྭ་འདི་ལ་དགའ་ནས།།
ལས་དོན་ཆེ་ཆུང་ཀུན་ལ།།
དགའ་སྤྲོའི་ངང་ནས་འཇུག་མཁན།།
ཨ་མ་མིག་དམར་ལྷ་མོ།།
རྩེད་མཚར་གང་ཞིག་བྱས་ཀྱང་།།
ཕོག་པའི་སེམས་ཁྲལ་མེད་པར།།
རྩེད་མཚར་རྩེད་མོར་གོ་མཁན།།
ཨ་མ་མིག་དམར་ལྷ་མོ།།
ཨ་མ་ཞེས་པའི་ཚིག་དེས།།
ལོ་རྒན་ཡིན་ཚུལ་མི་སྟོན།།
ཨ་མ་ཞེས་པའི་ཚིག་དེས།།
དྲིན་གྱིས་བསྐྱངས་པ་བསྟན་ཡོད།།
དངོས་གནས་དེ་རིང་བར་དུ།།
ཨ་མས་བུ་ཕྲུག་སྐྱོང་བཞིན།།
ང་ཚོ་བྱམས་ཀྱིས་བསྐྱངས་པས།།
ཨ་མ་ཟེར་ན་འགྲིགས་འདུག།
ཨ་མ་འདྲ་བའི་ལས་རོགས།།
ཁྱེད་ཉིད་གང་དུ་བཞུགས་ཤིང་།།
ལས་དོན་ཅི་ཞིག་བརྩམས་ཀྱང་།།
ལམ་ལྷོང་ཡོང་བར་སྨོན་ཡོད།།
ཨ་མའི་ལས་ཉིན་མཐའ་མར།།
ཅི་བསམ་ཡིད་བཞིན་འགྲུབ་པའི།།
སྨོན་འདུན་བཟང་པོ་མཚོན་ཕྱིར།།
ཚིགས་བཅད་བཅུ་གསུམ་བྲིས་ཡོད།།
No comments:
Post a Comment