དེ་ཡང་བོད་ཀྱི་རྒྱལ་ཐོག་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། རྒྱལ་ཐོག་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། རྒྱལ་ཐོག་ཞེ་གཅིག་པ་ཆོས་རྒྱལ་ཁྲི་རལ་པ་ཅན་བཅས་གསུམ་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་གྲགས།
ཁོང་ཚོའི་མཛད་རྗེས་མདོ་ཙམ་བརྗོད་ན། དང་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་མཛད་པ་དང་། སློབ་དཔོན་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་བཏང་ནས་བོད་ཡིག་གསར་བཟོ་མཛད། རྒྱ་གར་དང་རྒྱ་ནག བལ་ཡུལ་དང་ལི་ཡུལ་སོགས་ནས་མཁས་པ་མང་པོ་གདན་དྲངས་ཏེ་ནང་ཆོས་བོད་སྐད་དུ་བསྒྱུར་འགོ་བརྩམས། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སོགས་ཀྱི་ཁྲིམས་ཡིག་མང་པོ་གཏན་ལ་ཕབ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་སོགས་གཙུག་ལག་ཁང་མང་པོ་བཞེངས་པ་སོགས་མཛད།
གཉིས་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་། དགེ་འདུན་གྱི་སྡེ་ཐོག་མར་བཙུགས། ལོ་ཙཱ་བ་མང་པོ་སྐྱེད་སྲིང་མཛད་ནས་ནང་ཆོས་ཀྱིས་གཙོས་པའི་རིག་གནས་མང་པོ་བོད་སྐད་དུ་བསྒྱུར། རྒྱ་ནག་ལ་དམག་བརྒྱབ་ནས་རྒྱ་ནག་གི་གོང་མ་ཁྲི་ལས་ཕབ་པ་སོགས་མཛད།
གསུམ་པ་ཆོས་རྒྱལ་ཁྲི་རལ་པ་ཅན་གྱིས་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་ཆེན་པོ་མཛད་ཅིང་། ལོ་ཙཱ་བ་མང་པོ་གསོ་སྐྱོང་མཛད་ནས་རིག་གནས་མང་པོ་བོད་སྐད་དུ་བསྒྱུར། རྒྱ་བོད་སོ་སོའི་རྒྱལ་ས་དང་ས་མཚམས་ལ་རྡོ་རིང་བཙུགས་པ་སོགས་མཛད།
མདོར་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནི་བོད་འབངས་ཡོངས་ལ་བཀའ་དྲིན་ལྷག་པར་ཆེ་བའི་བོད་ཀྱི་རྒྱལ་པོ་གསུམ་ཡིན།
No comments:
Post a Comment