Monday, 29 August 2011

ལྐོག་གྱུར་གྱི་གཏམ།

ཡིད་ཆེས་ཀྱི་མེ་ཏོག་ཕུལ་ནས།།
བློ་གཏད་ཀྱི་རེ་བ་བཅོལ་ཡང་།།
མགོ་གཉིས་ཀྱི་ལྟད་མོ་མཐོང་དུས།།
མངོན་ཤེས་དེ་དགོས་པ་ཚོར་བྱུང་།།

སྤྱི་ཚོགས་ཀྱི་གནས་བབ་བསྟུན་ནས།།
དོན་ལྡན་གྱི་གཏམ་འགའ་བཤད་ཀྱང་།།
རྒྱ་ཡན་དུ་གཏོང་བ་མཐོང་དུས།།
གླེན་རྟགས་ཀྱི་རང་གཤིས་རྟོགས་སོང་།།

Friday, 26 August 2011

སེམས་ཀྱི་གནས་སྐབས་གཉིས།

ང་ནི་བསམ་བློ་བ་ཞིག་མིན་པས། དོན་ལྡན་གྱི་གཏམ་སྨྲ་བ་ནི་བདག་གི་ནུས་སུ་མི་གནས།  ང་ནི་དཔྱད་བརྗོད་པ་ཞིག་ཀྱང་མིན་པས། གནས་ལུགས་ཟབ་མོ་བརྗོད་པའི་སྤོབས་པ་ཞིག་ཀྱང་བདག་ལ་མཆིས་པ་ག་ལ་སྲིད། ང་ནི་ཚོར་བརྗོད་པ་ཞིག་ཡིན་པས། ངས་ང་རང་གི་སེམས་ངོས་སུ་འཁྱིལ་བའི་ཚོར་བའི་རླབས་ཕྲེང་དེ་ཡི་གེའི་གཟུགས་སུ་འདེབས་པར་འབུང་ངེས།

Wednesday, 24 August 2011

སྐྱིད་སྡུག་གི་ཡང་རྩེ་གཉིས།

མི་ཚེ་ནི་སྐྱིད་སྡུག་འདྲེས་མས་གྲུབ་པ་ཞིག་ལས་ཅི། བདག་ལ་མཚོན་ན། སྡུག་གི་ཡང་རྩེ་ནི།  སྐྱིད་པའི་ཕ་ས་དང་ཕ་མ་རྒྱང་དུ་བཞག་སྟེ་མི་ཡུལ་འགྲིམ་དགོས་བྱུང་བ་དེ་རུ་ཟད། སྐྱེ་སའི་ཕ་ས་ཞིག་ཡོད་ཀྱང་མི་ཚེ་སྐྱེལ་དབང་མེད་པ་དང་། བསྐྱེད་པའི་ཕ་མ་ཡོད་ཀྱང་། ཐུག་དབང་མེད་པའི་གནས་སྟངས་དེ་བདག་སེམས་ཀྱི་མཚོ་མོ་རུ་འཁྱིལ་ཐེངས་རེར། སྡུག་གི་རྦ་རླབས་ཆེས་ཆེར་འཕྱོ་ལ། རང་གི་ཐོད་པ་ལ་བསམ་ནས་འཁང་ར་ཞིག་ཀྱང་ངང་ངམ་གྱིས་བྱེད་པར་ཐལ། ལྷག་པར་མི་ཚོས་ཨ་ཕ་དང་ཨ་མ་ཞེས་འབོད་པའི་སྒྲ་དེ་གོ་ཐེངས་རེར། བདག་གི་སེམས་ངོས་སུ་སྨྲ་མི་ཤེས་པའི་སྐྱོ་སྣང་གི་ཆུ་འཛིན་ཞིག་འཐིབས་འོང་། ང་ལ་ཕ་མ་ཡོད་བཞིན་གསོན་བྲལ་དུ་གནས་དགོས་པ་འདི་ནི་གང་ལས་བྱུང་ཞེས་པའི་དྲི་བ་ཞིག་ངས་སྐབས་མཚམས་མང་པོར་རང་གིས་རང་ལ་དྲིས། ང་ཡང་རང་གི་དྲིན་ཆེན་ཕ་མ་གཉིས་ཀྱི་གམ་དུ་བསྡད་འདོད་ཆེ་ལ། སྐྱིད་པའི་ཕ་སའི་པང་དུ་འཚོ་བ་སྐྱེལ་བར་འདོད།

གཅུང་མོ།

རྒྱུས་མེད་མི་ཡི་ལུང་པར༎
མ་ལྟར་དྲིན་གྱིས་སྐྱོང་བའི༎
བྱམས་ལྡན་གཅུང་མོ་ཁྱེད་རང༌༎
ཐོབ་པ་སྔོན་གྱི་བསོད་ནམས༎

ང་རང་ཆེ་བ་ཡིན་ཡང༌༎                                སེམས་པ་སྡུག་གིས་གནོན་དུས༎
ཆེ་བའི་ཆེ་གོ་མ་ཆོད༎                                    ཡིད་ལ་ཁྱེད་རང་དྲན་གྱི༎
འཇོན་ལྡན་གཅུང་མོ་ཁྱེད་ལ༎                         དགའ་དགའ་སྤྲོ་སྤྲོ་བྱེད་དུས༎
ལག་པ་བཟེད་དགོས་ཆགས་སོང༌༎                   ཁྱེད་རང་ཡོད་ན་བསམ་གྱི༎

Tuesday, 23 August 2011

འགྲོ་ཁའི་སེམས་གཏམ།


ཕྱི་ནང་མཐུན་རྐྱེན་འཛོམས་པའི་མཐོ་སློབ་འདིར་ཞུགས་ནས།།
ལོ་བཅུའི་དུས་ཀྱི་འཁོར་ལོ་ཧྲིལ་པོ་གཅིག་འཁོར་གདའ།།
ད་གཟོད་རང་འདོད་སྙེག་བཞིན་ཕྱོགས་ཐོན་ལ་ཉེ་མོད།།
གླིང་འདིའི་ཆ་ཤས་རེ་རེ་སེམས་ངོས་སུ་འཆར་ངེས།།

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།