མི་ཚེ་ནི་སྐྱིད་སྡུག་འདྲེས་མས་གྲུབ་པ་ཞིག་ལས་ཅི། བདག་ལ་མཚོན་ན། སྡུག་གི་ཡང་རྩེ་ནི། སྐྱིད་པའི་ཕ་ས་དང་ཕ་མ་རྒྱང་དུ་བཞག་སྟེ་མི་ཡུལ་འགྲིམ་དགོས་བྱུང་བ་དེ་རུ་ཟད། སྐྱེ་སའི་ཕ་ས་ཞིག་ཡོད་ཀྱང་མི་ཚེ་སྐྱེལ་དབང་མེད་པ་དང་། བསྐྱེད་པའི་ཕ་མ་ཡོད་ཀྱང་། ཐུག་དབང་མེད་པའི་གནས་སྟངས་དེ་བདག་སེམས་ཀྱི་མཚོ་མོ་རུ་འཁྱིལ་ཐེངས་རེར། སྡུག་གི་རྦ་རླབས་ཆེས་ཆེར་འཕྱོ་ལ། རང་གི་ཐོད་པ་ལ་བསམ་ནས་འཁང་ར་ཞིག་ཀྱང་ངང་ངམ་གྱིས་བྱེད་པར་ཐལ། ལྷག་པར་མི་ཚོས་ཨ་ཕ་དང་ཨ་མ་ཞེས་འབོད་པའི་སྒྲ་དེ་གོ་ཐེངས་རེར། བདག་གི་སེམས་ངོས་སུ་སྨྲ་མི་ཤེས་པའི་སྐྱོ་སྣང་གི་ཆུ་འཛིན་ཞིག་འཐིབས་འོང་། ང་ལ་ཕ་མ་ཡོད་བཞིན་གསོན་བྲལ་དུ་གནས་དགོས་པ་འདི་ནི་གང་ལས་བྱུང་ཞེས་པའི་དྲི་བ་ཞིག་ངས་སྐབས་མཚམས་མང་པོར་རང་གིས་རང་ལ་དྲིས། ང་ཡང་རང་གི་དྲིན་ཆེན་ཕ་མ་གཉིས་ཀྱི་གམ་དུ་བསྡད་འདོད་ཆེ་ལ། སྐྱིད་པའི་ཕ་སའི་པང་དུ་འཚོ་བ་སྐྱེལ་བར་འདོད།
འོ་ན་སྐྱིད་ཀྱི་ཡང་རྩེ་དེ་གང་ཞེ་ན། དེ་ནི་ལས་དབང་གིས་བདས་ཏེ། འཕགས་ཡུལ་དུ་འབྱོར་ཞིང་། ༸མགོན་པོ་གང་གི་ཐུགས་བརྩེའི་འོད་ཟེར་འཕྲོས་པ་ལས། ཡིག་རྨོངས་བསལ་ནས་འབྲི་ཀློག་ཅུང་ཟད་འཕེར་བར་འགྱུར་བར་མ་ཟད། ཆོས་ཀྱི་བག་ཆགས་དང་ཅུང་ཟད་ལྡན་པར་གྱུར་ཅིང་། ལེགས་ཉེས་འབྱེད་པའི་བློ་གྲོས་ཅུང་ཟད་རྒྱས་པར་གྱུར་པ་དེ་ལས་ཅི། ད་ལྟ་ངས་བསམ་གཞིགས་རེ་བྱེད་དུས། ང་རང་ཡུལ་འདིར་ཡོང་དགོས་བྱུང་བ་ནི་སེམས་ཅན་ནས་མི་རུ་འགྱུར་བའི་དོན་དུ་ཡོང་བ་ལྟ་བུར་སྣང་། དེ་ཡང་ང་རང་ལྷ་སར་ལོ་གཉིས་ཙམ་ལས་བསྡད་མྱོང་མེད་ཀྱང་། དུས་ཡུན་ཐུང་ངུ་དེའི་ནང་ཉེན་རྟོག་པས་ཐེངས་གཉིས་འཛིན་བཟུང་བྱས་མྱོང་། གལ་ཏེ་ང་རང་གཞིས་སུ་རང་འཇགས་བསྡད་ཡོད་པའི་དབང་དུ་བཏང་ན། གཅིག་བྱས་ན་ད་ཚོད་ང་ནི་རྐུན་མ་ཆེན་པོ་ཞིག་ཆགས་ཡོད་སྲིད་ལ། གཅིག་བྱས་ན་བྱས་ཉེས་ཀྱི་རྐྱེན་པས་ལྔ་ལམ་དུ་སོང་ཟིན་ཡང་སྲིད། ངོ་མ། མནོ་བསམ་གྱི་འཁོར་ལོ་དེ་དལ་གྱིས་སྐོར་དུས། ང་རང་འཕགས་ཡུལ་དུ་ཡོང་རྒྱུ་བྱུང་བ་ནི་བསོད་ནམས་ཤིག་ཏུ་རློམ།
དེས་ན་ངས་དགོད་བཞིན་ངུ་ལ། ངུ་བཞིན་དགོད་པ་ཡིན། དགོད་པ་ནི་རང་གི་ད་ལྟ་བའི་འགྱུར་བ་ལ་བསམ་ནས་ཡིན་ཅིང་། ངུ་བ་ནི་རང་གི་ཕ་མ་དང་ཕ་ས་མཐོང་དབང་མེད་པ་དེ་ཡིན་ནོ། །
No comments:
Post a Comment