ཡིད་ཆེས་ཀྱི་མེ་ཏོག་ཕུལ་ནས།།
བློ་གཏད་ཀྱི་རེ་བ་བཅོལ་ཡང་།།
མགོ་གཉིས་ཀྱི་ལྟད་མོ་མཐོང་དུས།།
མངོན་ཤེས་དེ་དགོས་པ་ཚོར་བྱུང་།།
སྤྱི་ཚོགས་ཀྱི་གནས་བབ་བསྟུན་ནས།།
དོན་ལྡན་གྱི་གཏམ་འགའ་བཤད་ཀྱང་།།
རྒྱ་ཡན་དུ་གཏོང་བ་མཐོང་དུས།།
གླེན་རྟགས་ཀྱི་རང་གཤིས་རྟོགས་སོང་།།
གྲོགས་པོ་ལ་བརྩི་མཐོང་ཆེ་ལུགས།།
བཤད་པ་ནི་གོ་རྒྱུ་མང་ཡང་།།
དགོས་དུས་སུ་ཡལ་བ་མཐོང་དུས།།
རང་མགོན་གྱི་གཏམ་དེ་བདེན་སོང་།།
དབྱངས་ཅན་གྱི་རྒྱུད་མངས་མཛེས་ཀྱང་།།
དཔལ་མོ་ཡི་དཔལ་དེ་མེད་ན།།
བློས་ཐུབ་ཀྱི་གྲོགས་པོ་ཟེར་བ།།
འཐོབ་རྒྱུ་ནི་དཀའ་བར་ངེས་སོང་།།
ཁ་འཚེར་དང་འཛུམ་མདངས་འཕྲོ་ཡང་།།
ཞེ་གཏིང་ན་བསམ་ལོག་བཅངས་པའི།།
རྣམ་འགྱུར་དེ་གསལ་དུ་འགྲོ་དུས།།
ཡོད་ཚད་ནི་སྒྱུ་མར་འཁུམས་སོང་།།
ཡིད་ངོས་ཀྱི་ཡིད་འོང་མཛེས་རིས།།
མུན་ནག་གི་ཀློང་དུ་ཐིམ་དུས།།
ཡིད་གཏད་ཀྱི་གྲོགས་པོ་ཟེར་བ།།
ཡིད་ཉིད་ཀྱི་འཕྲུལ་དུ་ཤེས་སོང་།།
བློ་གཏད་ཀྱི་དངུལ་འབོར་ཆེན་པོ།།
བློ་ཉིད་ལ་བཅོལ་རང་ཆེས་ན།།
བློ་སེམས་ཀྱིས་མི་ལྕོགས་འགྱོད་པ།།
བློ་ཐོག་ཏུ་འབབ་རྒྱུ་འདུག་གོ།
No comments:
Post a Comment