Tuesday, 23 August 2011

འགྲོ་ཁའི་སེམས་གཏམ།


ཕྱི་ནང་མཐུན་རྐྱེན་འཛོམས་པའི་མཐོ་སློབ་འདིར་ཞུགས་ནས།།
ལོ་བཅུའི་དུས་ཀྱི་འཁོར་ལོ་ཧྲིལ་པོ་གཅིག་འཁོར་གདའ།།
ད་གཟོད་རང་འདོད་སྙེག་བཞིན་ཕྱོགས་ཐོན་ལ་ཉེ་མོད།།
གླིང་འདིའི་ཆ་ཤས་རེ་རེ་སེམས་ངོས་སུ་འཆར་ངེས།།

ཡོང་ཁུངས་གདོང་དབྱིབས་མི་གཅིག་རྣམ་པ་ནི་བཀྲ་མོད།།
སློབ་གླིང་ར་བ་གཅིག་གི་དཀྱིལ་འཁོར་དུ་ཚུད་དེ།།
ངོ་ཤེས་མཛའ་གཅུགས་འཕེལ་བའི་སློབ་གྲོགས་ཚོའི་གདོང་རིས།།
ནམ་ཡང་སེམས་ཀྱི་མཁའ་ན་སྟོན་ཟླ་བཞིན་གསལ་ངེས།།

ཕྱིས་འབྱོར་སྔ་ལོག་བྱེད་པའི་གཤིས་ངན་དང་བྲལ་ཞིང་།།
བློས་གཏོང་ལྷག་བསམ་ཆེན་པོའི་རྒྱན་ཆ་དག་ཐོགས་ཏེ།།
སློབ་མའི་དགོས་མཁོ་སྐོང་བའི་དགེ་ལས་ཚོའི་བཀའ་དྲིན།།
དགའ་སྡུག་གནས་སྐབས་ཀུན་ཏུ་སེམས་ཁོང་ནས་དྲན་ངེས།།

སྣ་མང་ཤེས་རིག་འཇོ་བའི་དཔེ་དེབ་ཀྱིས་གཏམས་ཤིང་།།
དུས་མཐུན་འཕྲུལ་ཆས་མང་པོས་འཐུས་ཚང་དུ་བརྒྱན་པའི།།
སློབ་གླིང་རྭ་བའི་རྒྱན་མཆོག་ཞི་འཚོ་ཡི་དཔེ་མཛོད།།
བདག་ཡིད་བུང་བ་འཁོར་སའི་དགའ་ཚལ་དུ་འགྱུར་ངེས།།

ཡིག་རྒྱུགས་རྩིས་པ་འོང་ཚེ་སྟ་གོན་ལ་འཇུག་ས།།
བློ་མཐུན་གྲོགས་པོ་འཛོམས་དུས་རྩེད་འཇོ་ལ་རོལ་ས།།
སེམས་པ་སྡུག་གིས་གནོན་དུས་སྐྱོ་བསང་ལ་རྩེན་ས།།
དཔེ་མཛོད་མདུན་ཐང་དེས་ཀྱང་བདག་སེམས་འདི་འགུགས་ངེས།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།