Friday, 26 August 2011

སེམས་ཀྱི་གནས་སྐབས་གཉིས།

ང་ནི་བསམ་བློ་བ་ཞིག་མིན་པས། དོན་ལྡན་གྱི་གཏམ་སྨྲ་བ་ནི་བདག་གི་ནུས་སུ་མི་གནས།  ང་ནི་དཔྱད་བརྗོད་པ་ཞིག་ཀྱང་མིན་པས། གནས་ལུགས་ཟབ་མོ་བརྗོད་པའི་སྤོབས་པ་ཞིག་ཀྱང་བདག་ལ་མཆིས་པ་ག་ལ་སྲིད། ང་ནི་ཚོར་བརྗོད་པ་ཞིག་ཡིན་པས། ངས་ང་རང་གི་སེམས་ངོས་སུ་འཁྱིལ་བའི་ཚོར་བའི་རླབས་ཕྲེང་དེ་ཡི་གེའི་གཟུགས་སུ་འདེབས་པར་འབུང་ངེས།
དེས་ན་དེ་རིང་ངས་བརྗོད་འདོད་པ་ནི། ང་རང་ལ་ལྟོས་པའི་དགའ་སྡུག་གི་གནས་སྐབས་དེ་ཡིན།  དགའ་བའི་ཚོར་བ་བརྟས་པའི་དུས་ན། ལུས་ལ་གཤོག་པ་རྒྱས་པའི་སྣང་བ་ཞིག་གིས་ཅི་བྱས་ལས་ལ་ངལ་བ་མེད་པར་ཡང་བའི་སྣང་བ་ཟབ་ཅིང་།  ཆེས་མཛེས་པའི་ཡུལ་ལ་ལྗོངས་རྒྱུར་ཆས་པ་ལྟ་བུར་མཐོང་ཚད་མིག་ལ་ཤིན་ཏུ་མཛེས་ཨང་།
                སྡུག་གི་ཆུ་འཛིན་ནག་པོ་འཐིབས་པའི་དུས་ན།  མགོ་བོར་རི་བོས་གནོན་པའི་སྣང་བ་སྐྱེས་ཤིང་།  ཅི་ཡང་བྱ་འདོད་མེད་པའི་སྣང་བ་ཞིག་ཀྱང་ངང་གིས་ཡོང་བར་མ་ཟད། བྱ་བ་གང་བྱེད་ལ་སྙིང་པོ་མེད་པའི་སྣང་བ་ཞིག་སྐྱེ་འོང་།  ད་དུང་ཕྱོགས་བཞི་ཀུན་ཏུ་མཐོང་བ་ནི་མུན་པ་ལས་སྣང་བ་ཞིག་ལ་ཡིན་ཨང་།
                མི་ཞིག་ཡིན་ཕྱིན། སྐབས་རེར་གཤོག་མེད་མཁའ་ལ་ལྡིང་སྲིད་ལ། སྐབས་འགར་སྡུག་གི་རི་བོ་མགོ་རུ་འཁུར་ཡང་སྲིད་པས། དགའ་སྡུག་གི་ཚོར་བ་ནི་རེས་མོས་ཀྱིས་ཡོང་རྒྱུ་ཞིག་ཏུ་རྟོགས་པ་ནི་བསམ་ཡོད་ཀྱི་གསར་རྟོགས་ཤིག་ཏུ་ཟད་དོ། །

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།