Tuesday, 18 September 2012

མི་རབས་གསུམ་པའི་རང་མདངས།


བློ་གྲོས་ནོར་གྱིས་རབ་ཏུ་ཕྱུག་པའི་སྔོན་བྱོན་མེས་པོ་དམ་པ་ཚོས།།
ཡོན་ཏན་གཞི་མ་བཤེས་གཉེན་ཡིན་ཚུལ་གདམས་པའི་བདུད་རྩི་བསྩལ་ན་ཡང་།།
བཤེས་ལ་མི་བཀུར་ངག་བཞིན་མི་བྱེད་མནོག་ཆུང་བྱ་བར་དགའ་བས་འཇུག།
སྙིང་པོ་མེད་དེ་སྙིང་པོར་ལྟ་བ་མི་རབས་གསུམ་པའི་རང་མདངས་ཡིན།།


ལ་ལ་ཞིག་ནི་ཅུང་གིས་ཁེངས་ཏེ་ཡོན་ཏན་ནོར་བུ་མི་སྒྲུག་ཅིང་།།
རེ་འགའ་ཞིག་ནི་ཤིན་ཏུ་ཞུམ་སྟེ་དེབ་སྨྱུག་དགྲ་ཡི་རྣམ་པར་མཐོང་།།
རེ་ཟུང་ཞིག་ནི་གཡེང་བར་ཞུགས་ཏེ་སྐབས་རེར་གྲིམ་ལ་མཚམས་རེར་ལྷོད།།
ཡོན་ཏན་ནོར་བུར་དོན་གཉེར་མི་བྱེད་མི་རབས་གསུམ་པའི་རང་མདངས་ཡིན།།

ལྟ་བྱེད་ཟུང་གིས་གསལ་བར་མཐོང་བཞིན་ཕྱིན་ཅི་ལོག་ཏུ་འབྲི་བར་དགའ།།
ཐོས་འཛིན་རྣ་བས་སྐྱོན་མེད་གོ་ཡང་གོ་མེད་ཚོར་མེད་ངང་ཚུལ་འཛིན།།
དཔྱོད་བྱེད་ཤེས་པར་ནུས་པ་ཡོད་ཀྱང་བཀོལ་སྤྱོད་བྱེད་ལ་ཕངས་སེམས་བྱེད།།
དག་པ་གང་ཡིན་ནོར་བར་བཅོས་པ་མི་རབས་གསུམ་པའི་རང་མདངས་ཡིན།།

མེད་པ་ཞིག་ལ་སྟོང་བསམ་འཆང་བཞིན་ཡོད་པ་ཆུད་ཟོས་གཏོང་བར་བྱེད།།
འདས་པ་ཞིག་ལ་ཕྱིར་དྲན་བྱེད་བཞིན་ད་ལྟ་བ་དེ་སྟོང་ཟད་གཏོང་།།
མིག་ཤེལ་ནག་པོ་མིག་ལ་གྱོན་ཏེ་རང་མཐོང་བདེན་པའི་གནས་སུ་རློམ།།
ཡོད་དུས་མི་བཀོལ་མེད་ནས་འགྱོད་པ་མི་རབས་གསུམ་པའི་རང་མདངས་ཡིན།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།