Saturday, 26 March 2016

ཡོད་ན།

ཆར་པ་འབབ་པ་ནང་བཞིན།།
ཤེས་ཡོན་འཇོ་མཁན་ཡོད་ན།།
མཁས་པའི་གོ་འཕང་ཞེས་པ།།
ཐག་རིང་ཞིག་ན་ཨེ་ཡོད།།


རྐང་དྲུག་བུང་བ་ནང་བཞིན།།
སློབ་ལ་བརྩོན་མཁན་ཡོད་ན།།
གཏོང་ཡིག་མི་ཤེས་མིང་ཆད།།
འཕྲལ་མ་ཉིད་དུ་ཡལ་འགྲོ།།

དྲིན་ཆེན་ཕ་མ་ནང་བཞིན།།
ལམ་སྟོན་གནང་མཁན་ཡོད་ན།།
མདུན་ལམ་མེད་པའི་བོད་ཕྲུག།
སྤྱི་ཚོགས་ནང་ལ་མི་ཡོང་།།

དུས་ཐོག་ཆར་པ་ནང་བཞིན།།
རོགས་ཕན་བྱེད་མཁན་ཡོད་ན།།
འཁོར་བ་སྡུག་གི་གནས་འདི།།
བདེ་བའི་ཚལ་དུ་འགྱུར་འགྲོ།།

སོ་སྐྱེ་ཕལ་པ་ལ་ཡང་།།
རྫུ་འཕྲུལ་བསྟན་རྒྱུ་ཡོད་ན།།
ང་རང་འཕྲལ་མ་ཉིད་དུ།།
ཨ་མའི་གམ་དུ་ཆས་འགྲོ།།

རྗེ་བཙུན་མི་ལ་ནང་བཞིན།།
ནུས་མཐུ་བདག་ལ་ཡོད་ན།།
བསམ་མེད་རྒྱ་དམར་དེ་ཚོ།།
རང་ས་བོད་ནས་བསྐྲད་ཆོག།

སློབ་དཔོན་ན་ག་ནང་བཞིན།།
ཞི་འཇམ་བདག་ལ་ཡོད་ན།།
བདག་གི་སློབ་མ་དེ་ཚོའི།།
བློ་ཁ་སློབ་ལ་དྲངས་ཆོག།

སློབ་དཔོན་བེ་རི་ནང་བཞིན།།
རྩོམ་རྩལ་བདག་ལ་ཡོད་ན།།
བོད་པའི་ལུགས་ངན་མང་པོ།།
དམར་རྗེན་ཡི་གེར་བཀོད་ཆོག།

མཁས་དབང་ཟམ་གདོང་ནང་བཞིན།།
འཆད་རྩལ་བདག་ལ་ཡོད་ན།།
མིང་དོན་མཚུངས་པའི་མི་ཞིག།
ཆགས་པར་དཀའ་ཚེགས་ཅི་ཡོད།།

སྣང་བ་སྐྱིད་དུས་ཤིག་ལ་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།