Saturday, 26 March 2016

བོད་ཀྱི་ཡི་གེའི་སྐོར་གོ་བདེར་བཤད་པ།

མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཤིག་ལ་ཡི་གེ་ཟེར།  བོད་པའི་ཡི་གེ་ལ་དབྱེ་ན་དབྱངས་གསལ་གཉིས་ཡོད།  དབྱངས་གསལ་སོ་བཞིའི་ཁོངས་སུ་མ་གཏོགས་པའི་ཡི་གེ་གཅིག་ཀྱང་མེད།  གསལ་བྱེད་སུམ་ཅུ་ལ་མིང་གཞི་ཟེར་བའི་སྐབས་ཀྱང་ཡོད།


རྗེས་འཇུག་བཅུ་ནི།      ང་།    ད།    ན།    བ།    མ།    འ།    ར།    ལ།    ས།  བཅས་དང་མིང་གཞིའམ་གསལ་བྱེད་སུམ་ཅུ་ཐམས་ཅད་ཀྱི་རྗེས་སུ་སྦྱར་ཆོག་པ་ཡིན།
དཔེར་ན།  ཁོག་པ།  ཁང་པ།  འཁོད་པ།  འཁོན་པ།  ཁབ།  ཁམ།  མཁའ།  འཁོར་ལོ།  འཁོལ་བ།   མཁས་པ་ལྟ་བུའོ།།
རྗེས་འཇུག་ལ་མཐའ་རྟེན་ཟེར་བའི་སྐབས་ཀྱང་ཡོད།  འ་མཐའ་ཡོད་ཟེར་ན།  རྗེས་འཇུག་འ་ཡིག་ཡོད་ཟེར་བའི་དོན་ཡིན།

སྔོན་འཇུག་ལྔ་ནི།    ད།  བ།  མ།  འ།  བཅས་དང་།  རྗེས་འཇུག་ལྟར་མིང་གཞི་ཐམས་ཅད་ཀྱི་སྔོན་དུ་སྦྱར་ཆོག་པ་མ་ཡིན་པར།  སྔོན་འཇུག་སོ་སོ་ལ་སྦྱར་ཆོག་སའི་མིང་གཞི་ངེས་ཅན་རེ་ཡོད།
སྔོན་འཇུག་ག་ནི།  མིང་གཞི་ཅ་ཉ་ཏ་ད་ན་ཙ་ཞ་ཟ་ཡ་ཤ་ས་བཅས་བཅུ་གཅིག་གི་སྔོན་དུ་མ་གཏོགས་སྦྱར་མི་ཆོག
སྔོན་འཇུག་ད་ནི།  མིང་གཞི་ཀ་ག་ང་པ་བ་མ་བཅས་དྲུག་གི་སྔོན་དུ་མ་གཏོགས་སྦྱར་མི་ཆོག
སྔོན་འཇུག་བ་ནི།  མིང་གཞི་ཀ་ག་ང་ཅ་ཇ་ཉ་ཏ་ད་ན་ཙ་ཛ་ཞ་ཟ་ར་ཤ་ས་བཅས་བཅུ་དྲུག་གི་སྔོན་དུ་མ་གཏོགས་སྦྱར་མི་ཆོག
སྔོན་འཇུག་མ་ནི།  མིང་གཞི་ཁ་ག་ང་ཆ་ཇ་ཉ་ཐ་ད་ན་ཚ་ཛ་བཅས་བཅུ་གཅིག་གི་སྔོན་དུ་མ་གཏོགས་སྦྱར་མི་ཆོག
སྔོན་འཇུག་འ་ནི།  མིང་གཞི་ཁ་ག་ཆ་ཇ་ཐ་ད་ཕ་བ་ཚ་ཛ་བཅས་བཅུའི་སྔོན་དུ་མ་གཏོགས་སྦྱར་མི་ཆོག
སྔོན་འཇུག་ལ་འཕུལ་ཡིག་ཟེར་བའི་སྐབས་ཀྱང་ཡོད།  ག་ཡིས་འཕུལ་ཟེར་ན།  སྔོན་འཇུག་ག་ཡིག་འཐོབ་ཟེར་བའི་དོན་ཡིན།

ཡང་འཇུག་གཉིས་ནི།  ད་དང་ས་བཅས་ཡིན་ཞིང་།  རྗེས་འཇུག་ན་ར་ལ་བཅས་གསུམ་གྱི་རྗེས་སུ་ཡང་འཇུག་ད་དང་།  རྗེས་འཇུག་ག་ང་བ་མ་བཅས་བཞི་ཡི་རྗེས་སུ་ཡང་འཇུག་ས་འཐོབ།
དཔེར་ན།  བསྟནད།  གྱུརད།  སྤེལད།  གཟུགས།  གངས།  ཐབས།  ཁམས་ལྟ་བུའོ།།

རྐྱང་པའི་ཡི་གེ་ཟེར་ན།  མགོ་ཅན་དང་འདོགས་ཅན་གྱི་ཡི་གེ་སྦྱར་མེད་པའི་ཡི་གེ་ལ་ཟེར།
མགོ་ཅན་གྱི་ཡི་གེ་ལ་ར་མགོ་དང་།  ས་མགོ།  ལ་མགོ་བཅས་གསུམ་ཡོད།
ར་མགོ་བཅུ་གཉིས་ཡོད་པ་ནི།  རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་བཅས་སོ།།
ལ་མགོ་བཅུ་ཡོད་པ་ནི།  ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ་བཅས་སོ།།
ས་མགོ་བཅུ་གཅིག་ཡོད་པ་ནི།  སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་བཅས་སོ།།

འདོགས་ཅན་གྱི་ཡི་གེ་ལ་ཡ་བཏགས་དང་།  ར་བཏགས།  ལ་བཏགས།  ཝ་བཏགས་བཅས་བཞི་ཡོད།
ཡ་བཏགས་བདུན་ཡོད་པ་ནི།  ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་བཅས་སོ།།
ར་བཏགས་བཅུ་བཞི་ཡོད་པ་ནི།  ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་ནྲ་པྲ་ཕྲ་བྲ་མྲ་ཤྲ་སྲ་ཧྲ་བཅས་སོ།།
ལ་བཏགས་དྲུག་ཡོད་པ་ནི།  ཀླ་གླ་བླ་ཟླ་རླ་སླ་བཅས་སོ།།
ཝ་བཏགས་བཅུ་གཉིས་ཡོད་པ་ནི།  ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་བཅས་སོ།།

སུམ་བརྩེགས་ཅན་གྱི་ཡི་གེ་ཟེར་ན།  མགོ་ཅན་དང་འདོགས་ཅན་གཉིས་ཀ་ཡོད་པའི་ཡི་གེ་ལ་ཟེར།
སུམ་བརྩེགས་ཅན་གྱི་ཡི་གེ་བཅུ་བཞི་ཡོད་པ་ནི།  རྐྱ་རྒྱ་རྨྱ་སྐྱ་སྒྱ་སྤྱ་སྦྱ་སྨྱ་སྐྲ་སྒྲ་སྣྲ་སྤྲ་སྦྲ་སྨྲ་བཅས་སོ།།


སྐད་འཕྲིན་ཚོགས་པ་ཞིག་ལ་འཆད་འཁྲིད་བྱེད་སྐབས་བཟོ་སྒྲིག་བྱས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།