སྔོན་གླེང་།
མི་ཚེ་ནི་ངོ་མ་ཇི་འདྲའི་ཡ་མཚན་ཆེ་བ་ཞིག་རེད་ཨང་། རང་ལོ་བཅུ་གཉིས་ལ་མ་སོན་བར་ང་ནི་ཀ་ངོ་ཙམ་ཡང་མི་ཆོད་ཅིང་། ལེགས་ཉེས་དབྱེ་འབྱེད་མི་ཤེས་པའི་གླེན་པ་ཟོག་ལྟ་བུ་ཞིག་ཡིན་མོད་ཀྱང་། ལས་དབང་ཞིག་གིས་བདས་ནས་མི་ཡུལ་གྱི་ས་ཐོག་ཏུ་འབྱོར་ལ། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་དབུས་བོད་མིའི་སྒྲིག་འཛུགས་དང་། བོད་ཁྱིམ། དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་ཡིག་ངོ་ཆོད་པར་གྱུར་པར་མ་ཟད། བསམ་བློའི་འཁྱེར་སོ་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ནས་རང་གཞན་གཉིས་ཕན་གྱི་ལས་རིགས་མང་པོར་ཞུགས་པའི་སྐལ་པ་དང་ལྡན་པར་གྱུར། དེར་བརྟེན་དེ་རིང་རང་ཉིད་ཀྱི་སློབ་གཉེར་གྱི་བརྒྱུད་རིམ་དང་ལས་ཀའི་ཉམས་མྱོང་གི་སྐོར་ལ་མདོ་ཙམ་གླེང་བར་སྤྲོ་བ་བརྟས་སོ།
།
ཆུང་དུས་ཀྱི་ལོ་ཟླ།
ང་ནི་འབྲོག་ཁྱིམ་ཕལ་པ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ཀྱི་ལོ་ཟླ་ནི་སྒོ་ཟོག་དང་འགྲོགས་ནས་བསྐྱལ། རང་ལོ་བཅུ་ཡི་བར་དུ་སློབ་གྲྭ་འགྲིམ་རྒྱུ་ལྟ་ཅི་སློབ་གྲྭ་ཞེས་པའི་མིང་ཡང་རྣ་བས་ཐོས་མྱོང་ག་ལ་ཡོད།
རང་ལོ་བཅུ་ལ་སོན་སྐབས་ང་ཚོ་ཕ་ཡུལ་ནས་ལྷ་སར་གནས་སྤོས་བྱས། དེའི་ཚེ་ང་ཡིས་སློབ་གྲྭ་དང་སློབ་ཕྲུག་ཅེས་པ་ཐོག་མར་རྣ་བས་ཐོས་ཤིང་མིག་གིས་རིག་པར་གྱུར་ཀྱང་སློབ་གྲྭའི་སྒོ་ཐེམ་འགོམ་པའི་སྐལ་བ་མ་ཐོབ། ལྷ་སར་ལོ་གཉིས་སྡོད་པའི་རིང་ཁྱི་ལྡོམ་བཞིན་གང་སར་མྱུལ་ནས་སློང་མོ་དང་འཕྲོག་བཅོམ་སོགས་བྱས་ནས་དུས་འདའ་བར་བྱས།
སློབ་གཉེར་འགོ་བརྩམས་པ།
རང་ལོ་བཅུ་གཉིས་ཐོག་ཕ་མ་གཉིས་ཀྱིས་རྒྱ་གར་དུ་བརྫངས་པས་སུ་ཇ་བོད་ཁྱིམ་སློབ་གྲྭ་ནས་འབྲི་ཀློག་སྦྱོང་འགོ་བརྩམས། ཐུགས་བརྩེ་དང་ལྷག་བསམ་གྱིས་ཕྱུག་པའི་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་ཡིག་ངོ་ཆོད་པར་གྱུར་བར་མ་ཟད། འཛིན་རིམ་དྲུག་པ་བར་བོད་ཀྱི་སྐད་ཡིག་གིས་གཙོས་པའི་སློབ་ཚན་མང་དག་ཅིག་ལ་སློབ་གཉེར་བྱེད་པའི་གོ་སྐབས་ཐོབ།
སུ་ཇ་བོད་ཁྱིམ་ནས་གོ་པུར་བོད་ཁྱིམ་དུ་བཏང་བ་བཞིན་གོ་པུར་བོད་ཁྱིམ་ནས་འཛིན་རིམ་བརྒྱད་པ་བར་སློབ་གཉེར་བྱས། དགེ་བའི་བཤེས་གཉེན་རྣམ་པས་སློབ་འཁྲིད་ཀྱི་ཞར་ཞོར་དུ་སློབ་གསོ་མང་པོ་བསྐྱོན་པའི་བཀའ་དྲིན་གྱིས་ཤེས་ཡོན་ཙམ་གྱིས་མི་ཆོག་པར་བཟང་སྤྱོད་ལྡན་དགོས་པ་གལ་ཆེ་ཡིན་པ་དང་། གཞན་ལ་ཕན་འདོགས་བྱེད་མ་ཐུབ་ཀྱང་གནོད་འཚེ་ནམ་ཡང་བྱེད་རྒྱུ་མེད་པ་སོགས་ཀྱི་གནས་ལུགས་རྟོགས།
ཆེད་སྦྱོང་ལ་ཞུགས་པ།
ང་ནི་བོད་ཡིག་སྦྱོང་རྒྱུར་དགའ་བར་མ་ཟད་ནང་དོན་རིག་པ་ལ་ཡང་དོ་སྣང་ཡོད་མཁན་ཞིག་ཡིན་པས་ཕྱི་ལོ་ ༢༠༠༡ ལོར་ཚུད་རྒྱུགས་གྱི་ལམ་ནས་ཝ་ཎ་གཙུག་ལག་སློབ་གཉེར་ཁང་དུ་ཞུགས་ཏེ། དབུ་མ་འོག་མའི་སྐབས་ནང་དོན་རིག་པས་གཙོས་པའི་བོད་ཀྱི་སྐད་ཡིག་དང་། ལེགས་སྦྱར་སྐད་ཡིག ཧིན་དྷིའི་སྐད་ཡིག བོད་ཀྱི་རྒྱལ་རབས་བཅས་ལ་སློབ་གཉེར་བྱས། དབུ་མ་གོང་མའི་སྐབས་ཧིན་དྷིའི་སྐད་ཡིག་གི་ཚབ་ཏུ་དབྱིན་ཇིའི་སྐད་ཡིག་དང་། བོད་ཀྱི་རྒྱལ་རབས་ཀྱི་ཚབ་ཏུ་པཱ་ལིའི་སྐད་ཡིག་བླངས་ནས་སློབ་གཉེར་བྱས།
བསྟན་བཅོས་འཛིན་གྲྭའི་སྐབས་པཱ་ལིའི་སྐད་ཡིག་གི་ཚབ་ཏུ་བོད་ཀྱི་རྒྱལ་རབས་བླངས་ནས་སློབ་གཉེར་བྱས། སློབ་དཔོན་འཛིན་གྲྭའི་སྐབས་ནང་དོན་རིག་པར་ཆེད་སྦྱོང་བྱས་མཐར་ཕྱི་ལོ་
༢༠༡༠ ལོར་སློབ་དཔོན་འཛིན་གྲྭ་ཐོན། དེ་ནས་དགེ་འོས་འཛིན་གྲྭར་ཞུགས་ནས་ལོ་གཅིག་རིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག
བྱིས་པའི་སེམས་ཁམས་རིག་པ། རྒྱ་གར་གྱི་རྒྱལ་རབས་སོགས་ལ་སློབ་གཉེར་བྱས་ནས་ཕྱི་ལོ་
༢༠༡༡ ལོར་སློབ་མཐར་སོན།
ལས་ཀའི་ཉམས་མྱོང་།
གུས་པ་སློབ་ཕྲུག་ཡིན་བཞིན་པའི་གནས་སྐབས་སུ་དྭང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ནང་ཞུགས་ནས་ཁོར་ཡུག་གཙང་བཟོ་དང་།
ཡུལ་མི་དབུལ་པོ་དང་ནད་པར་ལྟ་སྐྱོང་རོགས་རམ།
འགྱིག་ཤོག་འགོག་ཐབས་སོགས་ཀྱི་ལས་དོན་གང་ཐུབ་གཉེར་ཞིང་།
རྒྱ་གར་ལྷོ་ཕྱོགས་སུ་ས་འགུལ་མཚོ་འཁྱོམ་གྱི་གོད་ཆག་འཕྲད་པའི་སྐབས་དངོས་སུ་གནོད་འཚེ་ཐེབས་ཡུལ་དུ་བསྐྱོད་ནས་ཡུལ་མིའི་ཆེད་དུ་རྩྭ་ཁང་གསར་རྒྱག་བྱས།
དེ་བཞིན་སྐབས་སོ་ལྔ་པའི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་དྲུང་ཡིག་དང་།
སྐབས་ཉེར་བདུན་པའི་ལྟོ་ཚང་བལྟ་རྟོག་ཚོགས་ཆུང་གི་དངུལ་གཉེར་བྱས་པ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོའི་ནང་ལས་ཀ་བྱས།
ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༠༨ པའི་ནང་དགེ་འོས་འཛིན་གྲྭ་ཐོན་རྗེས་བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས་ནས་བཀའ་མངག་གནང་བ་བཞིན་པ་ཀུལ་བོད་ཁྱིམ་ལག་ཤེས་སློབ་གཉེར་ཁང་དུ་བསྐྱོད་ནས་ཟླ་བ་གསུམ་རིང་ལྷ་བྲིས་འཛིན་གྲྭ་ལྔ་དང་ཚེམ་བཟོའི་འཛིན་གྲྭ་གསུམ་ལ་བོད་ཀྱི་སྐད་ཡིག་སློབ་འཁྲིད་ཞུས།
དེ་ནས་ཕྱི་ལོ་ ༢༠༡༢ ལོར་བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས་ནས་བསྐོ་གཞག་གནང་བ་ལྟར་སྦེལ་ཀོབ་བོད་ཁྱིམ་དུ་ཡོང་ནས་ལོ་ངོ་གསུམ་གྱི་རིང་འདི་གའི་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་འཁྲིད་ཞུས་པ་བཅས་སོ།།
རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་ཞུས་པའི་རྩོམ་སྒྱུར་ཟབ་སྦྱོང་ལ་མཉམ་ཞུགས་བྱེད་པའི་ཆེད་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༠༦ ཚེས་ ༡༠ ཉིན་བྲིས།
No comments:
Post a Comment