ཕྱག་མཛོད་ཡེ་ཤེས་ལགས་ཀྱིས།།
ཁ་པར་བཏང་ནས་བོས་པས།།
བུ་མོ་པང་ལ་བཏབ་ནས།།
རྒྱལ་སྒོའི་བར་དུ་བསྐྱོད་ཡིན།།
ཕྱག་མཛོད་གང་དང་འཕྲད་ནས།།
ཕྱིར་ལོག་བྱེད་པའི་སྐབས་སུ།།
མཛངས་པའི་བློན་ཆེན་གཉིས་པ།།
མདུན་ནས་ཡོང་བ་མཐོང་བྱུང་།།
གུས་པ་མཚོན་པའི་རྣམ་འགྱུར།།
ལུས་ཀྱི་སྒོ་ནས་བསྟནད་ཅིང་།།
ངག་ནས་དལ་ལྷོད་རན་པོས།།
བཀྲ་ཤིས་བདེ་ལེགས་ཞུས་ཡིན།།
མ་གཟིགས་རྐྱེན་གྱིས་ཡིན་ནམ།།
ཁྱད་གསོད་གནང་བ་ཡིན་ནམ།།
གང་ལྟར་གུས་པའི་ལན་ལ།།
རྣམ་འགྱུར་གང་ཡང་མ་བྱུང་།།
ངང་ཚུལ་དེ་ཉིད་མཐོང་ནས།།
སེམས་ཀྱི་བདེ་བ་བརླགས་སོང་།།
ཕྱིས་སུ་གོ་སྐབས་འབྱུང་དུས།།
ལན་ཞིག་སློག་འདོད་སྐྱེས་བྱུང་།།
དུས་ཚོད་རིམ་གྱིས་འདས་སོང་།།
བློ་གྲོས་པད་མོ་བཞད་བྱུང་།།
ཁོང་ཁྲོ་ལང་རིན་མེད་པའི།།
གནས་ལུགས་གཞི་ནས་རྙེད་བྱུང་།།
༢༠༡༥།༡༢།༠༡
No comments:
Post a Comment