Tuesday, 7 December 2021

དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ་ཀྱི་སློབ་མ།

 དྷི་ལན་ཇི་ཡི་ས་གནས་སུ།།

ཆགས་པའི་བོད་པའི་སློབ་གྲྭ་ཡི།།

སློབ་མ་དག་ལ་ང་རང་ནི།།

སེམས་ནས་ཧ་ཅང་དགའ་བར་གྱུར།།


འཚམས་འདྲི་བརྗོད་པ་ཁོ་ན་ཡིས།།

ང་ནི་ཁོང་ཚོར་དགའ་མིན་ཏེ།།

དགེ་རྒན་རྣམ་པའི་རེ་བ་བཞིན།།

སློབ་ལ་བརྩོན་པ་དེས་ཀྱང་ངོ་།།


བོད་ཡིག་སྦྱོང་ལ་དགའ་ཁོ་ནས།།

ང་ནི་ཁོང་ཚོར་དགའ་མིན་ཏེ།།

ཡིག་རྒྱུགས་ཆེ་ཆུང་གང་ཡིན་མོད།།

དྲང་པོ་གཏོང་བ་དེས་ཀྱང་ངོ་།།


གཤིས་རྒྱུད་འཇམ་པ་ཁོ་ན་ཡིས།།

ང་ནི་ཁོང་ཚོར་དགའ་མིན་ཏེ།།

བྱས་པ་དྲིན་དུ་ཚོར་བ་ཡི།།

བསམ་ཤེས་ལྡན་པ་དེས་ཀྱང་ངོ་།།


སྤྱི་རྫས་བདག་གཅེས་བྱེད་ཁོ་ནས།།

ང་ནི་ཁོང་ཚོར་དགའ་མིན་ཏེ།།

བོད་གཞས་བོད་བྲོ་འཁྲབ་རྒྱུ་ལ།།

དུང་བ་ཟབ་པ་དེས་ཀྱང་ངོ་།།


ཕན་ཚུན་མཐུན་ལམ་བཟང་ཁོ་ནས།།

ང་ནི་ཁོང་ཚོར་དགའ་མིན་ཏེ།།

རང་ནུས་ཡོད་ཚད་འདོན་པ་ལ།།

འབད་པ་བསྟེན་པ་དེས་ཀྱང་ངོ་།།


སློབ་མ་བཟང་པོ་འདི་དག་ལྷན།།

གཤིབ་པའི་དུས་ཡུན་མ་ངེས་ཀྱང་།།

སློབ་མ་བཟང་པོ་འདི་དག་ནི།།

ང་ཡིས་སེམས་ནས་བརྗེད་མི་སྲིད།།

Thursday, 25 November 2021

སྤྱི་ཚོགས་མཐུན་སྒྲིལ་ཉིན་མོ་སྲུང་བརྩི་ཞུས་པ།

དེ་རིང་རྒྱ་གར་རྒྱལ་ཡོངས་སུ།།
སྤྱི་ཚོགས་མཐུན་སྒྲིལ་ཉིན་མོ་ཞེས།།
བྱེད་སྒོ་འདྲ་མིན་ལ་བརྟེན་ནས།།
སྲུང་བརྩི་ཞུ་གི་ཡོད་ཚུལ་ཐོས།།

སྤྱི་ཚོགས་ཚན་རིག་སྡེ་ཚན་གྱིས།།
འགན་ཁུར་རྐང་བཞེས་གནང་བའི་ཐོག།
ང་ཚོའི་སློབ་གྲྭ་འདི་རུ་ཡང་།།
ཉིན་མོ་དེ་ཉིད་སྲུང་བརྩི་ཞུས།།

དབྱིན་བོད་གཉིས་ཀྱི་སྐད་ཡིག་ནས།།
ཉིན་མོའི་ངོ་སྤྲོད་གནང་བའི་རྗེས།།
འཛིན་རིམ་དགུ་པའི་སློབ་མ་འགས།།
ནང་དོན་ཟབ་པའི་གཏམ་བརྗོད་འཁྲབས།།

དེ་ནས་འཛིན་རིམ་བཅུ་གཅིག་དང་།།
སློབ་མ་གཞན་འགའི་མཉམ་ཞུགས་ཐོག།
ཀུན་ཀྱང་དགའ་ནས་འཛུམ་ཤོར་བའི།།
ཞབས་བྲོ་མིག་ལ་མཛེས་ཤིག་འཁྲབས།།

མཇུག་ཏུ་སློབ་གྲྭའི་སློབ་སྤྱི་ཡིས།།
གོ་སྒྲིག་པ་དང་འཛུལ་ཞུགས་པར།།
ལེགས་སོའི་བསྔགས་བརྗོད་གནང་བ་དང་།།
ཉིན་མོའི་གལ་གནད་ཤེས་དགོས་གསུངས།།

Wednesday, 24 November 2021

དམ་བཅའ།

བཟའ་ཟླས་སྡང་པོ་བྱེད་ས།།

བུ་མོས་མིག་ལོག་ལྟ་ས།།

ཀུན་གྱིས་དམན་པར་འཛིན་ས།།

ལས་དེ་མི་བརྩམ་དམ་བཅའ།།


ཨ་མས་གསན་ན་སྐྱོ་ས།།

གཅུང་མོས་ཤེས་ན་ཉོབ་ས།།

གཞན་གྱིས་གོ་ན་འཕྱ་ས།།

ལས་དེ་མི་བརྩམ་དམ་བཅའ།།


དོན་མེད་སྔོ་ལོ་འཕྱར་བྱེད།།

སྒོར་མོ་མང་པོ་རྫོགས་བྱེད།།

ལུས་པོ་བེད་མེད་བཟོ་བྱེད།།

ལས་དེ་མི་བརྩམ་དམ་བཅའ།།


རང་སྡུག་རང་གིས་ཉོ་བྱེད།།

བཟའ་མི་སྡུག་ལ་སྦྱོར་བྱེད།།

ལས་དོན་འཐུས་ཤོར་གཏོང་བྱེད།།

ལས་དེ་མི་བརྩམ་དམ་བཅའ།།


ཚེ་སྔོན་ལས་སྨོན་བཟང་པོས།།

བཟང་པོར་སྤྱད་རྒྱུ་བྱུང་སོང་།།

ད་ནི་བག་ཡོད་བསྟེན་ནས།།

བཟང་པོར་བརྩོན་རྒྱུ་ཡིན་ནོ།།


སྐྱིད་ངོ་ཆོད་པ།

ལུས་ལ་ན་ཚ་གང་ཡང་མེད།།

སེམས་ལ་སྡུག་བསྔལ་ཅི་ཡང་མེད།།

འདོད་པ་ཡོད་པའི་ལས་ཀ་ཡོད།།

སྐྱིད་པོ་རེད་བསམ་དགའ་གི་འདུག།


དྲིན་ཆེན་ཨ་མ་འཚོ་ཞིང་བཞུགས།།

གཅེན་གཅུང་ཚང་མ་བདེ་ཞིང་ཐང་།།

གཅུང་མོས་དམིགས་བསལ་བརྩེ་ཞིང་སྐྱོང་།།

སྐྱིད་པོ་རེད་བསམ་དགའ་གི་འདུག།


བརྩེ་དུང་ཟབ་པའི་ཚེ་རོགས་ཡོད།།

ཡིད་དུ་འོང་བའི་བུ་ཕྲུག་ཡོད།།

འཚོ་བའི་ཐད་ལ་སེམས་ཁྲལ་མེད།།

སྐྱིད་པོ་རེད་བསམ་དགའ་གི་འདུག།


ཐུགས་རྒྱ་ཡངས་པའི་སློབ་སྤྱི་ཡོད།།

འཆམ་མཐུན་ཟབ་པའི་ལས་རོགས་ཡོད།།

སློབ་ལ་བརྩོན་པའི་དགེ་ཕྲུག་ཡོད།།

སྐྱིད་པོ་རེད་བསམ་དགའ་གི་འདུག།


སྨན་རི་དགོན་པོ་མཇལ་རྒྱུ་ཡོད།།

ཆུ་མིག་དྭངས་ཆུ་བཏུང་རྒྱུ་ཡོད།།

ལུས་རྩལ་ཆེད་དུ་འགྲོ་ས་ཡོད།།

སྐྱིད་པོ་རེད་བསམ་དགའ་གི་འདུག།


མཐོང་ཆུང་བྱེད་མཁན་སུ་ཡང་མེད།།

ཚིག་རྩུབ་སྨྲ་མཁན་སུ་ཡང་མེད།།

དཀའ་ངལ་སྤྲོད་མཁན་སུ་ཡང་མེད།།

སྐྱིད་པོ་རེད་བསམ་དགའ་གི་འདུག།


སྒོར་མོ་ཟད་དུས་སྐྱི་མཁན་ཡོད།།

ཁ་ལག་དགོས་དུས་སྤྲོད་མཁན་ཡོད།།

སྙིང་གཏམ་ཤོད་དུས་ཉན་མཁན་ཡོད།།

སྐྱིད་པོ་རེད་བསམ་དགའ་གི་འདུག།


སྐྱིད་པའི་སྐྱིད་ངོ་མ་ཆོད་པར།།

གང་དྲན་བྱས་ན་སྨྱོན་པ་ཡིན།།

སྐྱིད་དུས་སྐྱིད་ངོ་ཆོད་བཞིན་དུ།།

འཚོ་བར་རོལ་ན་རྩེ་གྲ་ཡིན།།


༢༠༢༡ ཟླ་ ༡༡ ཚེས་ ༢༤ ཉིན་སྐྱིད་ངོ་ཆོད་པའི་ཉིན་མོར་བྲིས།

Wednesday, 17 November 2021

ཚིགས་བཅད་འབྲི་ཚུལ་བསླབས་པ།

ཚོགས་ཐེངས་གསུམ་པ་རན་དུས།།

འཛིན་གྲྭ་བདུན་པར་བསྐྱོད་ཡིན།།

ཤེས་ན་དོན་ཆེར་མཐོང་ནས།།

ཚིགས་བཅད་འབྲི་ཚུལ་ཁྲིད་ཡིན།།


ཚིགས་བཅད་ཤོ་ལོཀ་གཅིག་ལ།།

ཚིག་རྐང་བཞི་ནི་དགོས་ཤིང་།།

ཚེག་བར་དང་ནི་ཆ་ཡའི།།

འགྲོ་ཚུལ་གཅིག་ཚུལ་བསླབས་ཡིན།།


ཐོག་མར་ང་རང་ངོས་ནས།།

མདུན་གྱི་ནག་པང་ངོས་སུ།།

ཚེག་བར་དྲུག་པ་ཅན་གྱི།།

ཚིགས་བཅད་འགའ་ཤས་བྲིས་ཡིན།།


ད་དུང་སྨོན་ཚིག་ལ་སོགས།།

ཚིགས་བཅད་ལམ་ནས་བྲིས་ན།།

ཚིག་ལྷུག་ལས་ཀྱང་ལྷག་པའི།།

ནུས་པ་ཡོད་ཚུལ་གླེང་ཡིན།།


སློབ་ཁྲིད་བྱེད་པའི་ཚེ་ན།།

ཚང་མས་ཡག་པོ་མཉན་སོང་།།

ནག་པང་ངོས་ཀྱི་ཚིགས་བཅད།།

འབྲི་དེབ་ནང་དུ་བཤུས་སོང་།།


ད་དུང་སློབ་ཕྲུག་འགའ་རེས།།

སྡེབ་སྦྱོར་ཚུལ་བཞིན་གནས་པའི།།

ཚིགས་བཅད་ཁ་ཤས་བྲིས་ཏེ།།

ང་ལ་མིག་སྟོན་བྱས་སོང་།།


སློབ་མས་བྲིས་པའི་ཚིགས་བཅད།།

མིག་གིས་མཐོང་བའི་སྐབས་སུ།།

བསམ་དོན་གྲུབ་སོང་སྙམ་ནས།།

སེམས་པ་དགའ་བས་མྱོས་སོང་།།


ཉིན་མ་ཁ་ཤས་རིང་ལ།།

ཚིགས་བཅད་འབྲི་ཚུལ་བསླབས་ནས།།

སློབ་ཕྲུག་གང་མང་ཞིག་གིས།།

ཤེས་རོགས་བྱས་ན་བསམ་ཡོད།།


༢༠༢༡ ཟླ་ ༡༡ ཚེས་ ༡༧ ཉིན་སློབ་ཁྲིད་ཀྱི་འབྲས་བུ་ལ་བསམ་གཞིག་ལན་ཅིག་བྱས་ཏེ་བྲིས།



ས་མཐའི་གྲོགས་པོ།

ལས་དང་སྨོན་ལམ་ཞིག་གིས།།

ས་མིང་གོ་མྱོང་ཙམ་ལས།།

མིག་གིས་མཐོང་མྱོང་མེད་པའི།།

དྷོ་ལན་ཇི་ལ་སླེབས་སོང་།།


ས་ཆ་གསར་པ་ཞིག་ལ།།

འཚོ་བ་སྐྱེལ་འགོ་འཛུགས་དུས།།

ངོ་ཤེས་གྲོགས་པོ་མེད་ནས།།

ཡུལ་སྣང་ཞིག་གིས་གཙེས་སོང་།།


ཉིན་མ་གཅིག་སོང་གཉིས་སོང་།།

མི་ངོ་གཅིག་ཤེས་གཉིས་ཤེས།།

ས་རྒྱུས་གཅིག་ལོན་གཉིས་ལོན།།

བདེ་སྐྱིད་ཚོར་འགོ་ཚུགས་སོང་།།


དམིགས་བསལ་སློབ་གྲྭའི་དྲུང་ཡིག།

རྒྱལ་པོ་ལགས་དང་མཉམ་དུ།།

འབྲེལ་བ་བཟང་པོ་ཆགས་ཏེ།།

གང་སར་འཁྱམ་རྒྱུ་བྱུང་སོང་།།


རྒྱལ་པོ་ལགས་དང་ངེད་གཉིས།།

རི་ཡི་རྩེ་མོར་བསྐྱོད་ཡིན།།

ཡུལ་གྱི་མཛེས་སྡུག་བཀོད་པར།།

མཉམ་དུ་མྱོང་རོལ་བྱས་ཡིན།།


རྒྱལ་པོ་ལགས་དང་ངེད་གཉིས།།

ཤིང་ནགས་གསེབ་ཏུ་ཕྱིན་ཡིན།།

ཤིང་འབུད་གུང་ཟས་གཡོས་ཏེ།།

མཉམ་དུ་ལོངས་སུ་སྤྱད་ཡིན།།


རྒྱལ་པོ་ལགས་དང་ངེད་གཉིས།།

སིམ་ལ་གྲོང་དུ་ཕྱིན་ཡིན།།

སྤྲོ་འཁྱམ་འགྲོ་ས་ཁག་ལ།།

མཉམ་དུ་སྐོར་སྐྱོད་བྱས་ཡིན།།


རྒྱལ་པོ་ལགས་དང་ངེད་གཉིས།།

ནཽ་ནི་གྲོང་དུ་ཆས་ཡིན།།

སོ་ནམ་མཐོ་སློབ་ཁང་གི།

རྣམ་པ་བལྟས་ནས་སླེབས་ཡིན།།


ད་བར་ཁོང་དང་འགྲོགས་ཏེ།།

ས་ཆ་མང་པོར་སླེབས་སོང་།།

ད་དུང་ས་ཆ་མང་པོར།།

སླེབས་པའི་རེ་བ་བཅངས་ཡོད།།


ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༧ ཉིན་གྱི་དགོང་མོར་གློག་ཀླད་ཁ་འབྱེད་པའི་སྐབས་དང་བསྟུན་ཏེ་ཧོབ་བྲིས་བྱས།




Saturday, 30 October 2021

དྲ་ཐོག་ནས་གློག་ཀླད་མངགས་པ།

 གཅུང་མོས་བཏང་བའི་དངུལ་འབོར་དེ།།

དོན་མེད་རྫོགས་ན་ཕངས་སེམས་ཀྱིས།།

རིན་གོང་ཆུང་བའི་གློག་ཀླད་ཅིག།

དྲ་ཐོག་བརྒྱུད་ནས་མངག་ཉོ་བྱས།།

 

བརྒྱད་པའི་སོ་གཅིག་ཉིན་མོ་ལ།།

ལག་ཏུ་སོན་རྒྱུའི་བརྡ་འབྱོར་མོད།།

དགུ་པའི་ཚེས་གཅིག་ཟིན་ན་ཡང་།།

ལག་ཏུ་མ་འབྱོར་དངངས་འཚབ་སྐྱེས།།

 

ཧིན་སྒོར་ཁྲི་གཉིས་ཟེར་བ་ནི།།

ཆུང་ཆུང་ཡེ་ནས་མ་ཡིན་སྟབས།།

གླ་འཁོར་གླས་ནས་སོ་ལན་ལ།།

གནས་ཚུལ་རྒྱུས་ལོན་བྱེད་དུ་བསྐྱོད།།

 

ཡན་ལག་ལས་ཁུངས་ནང་ཡོད་པའི།།

འགན་འཛིན་ཡིན་པ་ལྟར་སྣང་དེས།།

དེང་སང་ཅ་དངོས་འབྱོར་རྒྱུ་ལ།།

འགོར་འགྱངས་ཅུང་ཟད་ཡོད་ཚུལ་གསུངས།།

འོན་ཀྱང་སེམས་པ་མ་བདེ་བར།།

ཁ་པར་དང་ནི་ཡིག་ཐོག་ནས།།

མངགས་པའི་གློག་ཀླད་དེ་ཡི་སྐོར།།

ག་ས་གང་ནས་རྩད་གཅོད་བྱས།།

 

དགུ་པའི་ཚེས་དྲུག་ཉིན་མོ་ལ།།

གཞི་ནས་གློག་ཀླད་ལག་ཏུ་འབྱོར།།

འབྱོར་བས་དགའ་བ་འཕེལ་ན་ཡང་།།

འགོར་བས་ཅུང་ཟད་ཁྲོས་པར་གྱུར།།

 

༢༠༢༡།༠༩།༠༨ ཉིན་དྲན་ཐོའི་ཚུལ་དུ་ཧོབ་བྲིས་བྱས།

Tuesday, 5 October 2021

ཆང་འཐུང་གི་ཉེས་དམིགས།

ལུས་ལ་ན་ཚ་འཕེལ་རོགས་རེད།།

སྒོར་མོ་བེད་མེད་རྫོགས་རོགས་རེད།།

ལས་དོན་འཐུས་ཤོར་འགྲོ་རོགས་རེད།།

ཆང་འཐུང་ཉེས་དམིགས་དེ་འདྲ་རེད།།


ལུས་པོ་དབང་མེད་འཁྱོར་རོགས་རེད།།

སྐད་ཆ་བྱབ་མེད་འཆད་རོགས་རེད།།

སྔོ་ལོ་ལངས་ནས་འཕྱར་རོགས་རེད།།

ཆང་འཐུང་ཉེས་དམིགས་དེ་འདྲ་རེད།།


རང་ཉིད་སུ་ཡིན་བརྗེད་རོགས་རེད།།

ཕྱི་ཉིན་ན་ནས་མྱོང་རོགས་རེད།།

འགྱོད་པ་སྐྱེས་ནས་སྡོད་རོགས་རེད།།

ཆང་འཐུང་ཉེས་དམིགས་དེ་འདྲ་རེད།།


རང་མཐོང་ཆུ་ལ་སྐྱུར་རོགས་རེད།།

རང་བྱས་རྐང་སུབ་བྱེད་རོགས་རེད།།

ཡོད་ཚད་མེད་པར་བཟོ་རོགས་རེད།།

ཆང་འཐུང་ཉེས་དམིགས་དེ་འདྲ་རེད།།


བཟའ་ཟླས་གཡུག་གྲབས་བྱེད་རོགས་རེད།།

བུ་མོར་དཔེ་ངན་སྟོན་རོགས་རེད།།

ནང་མི་སྡུག་ལ་སྦྱོར་རོགས་རེད།།

ཆང་འཐུང་ཉེས་དམིགས་དེ་འདྲ་རེད།།


ཨ་མ་ཐུགས་སེམས་ཕམ་རོགས་རེད།།

དགའ་ཉེས་སེམས་འཚབ་བྱེད་རོགས་རེད།།

གཞན་མིས་འཕྱ་སྨོད་བྱེད་རོགས་རེད།།

ཆུང་འཐུང་ཉེས་དམིགས་དེ་འདྲ་རེད།།


ཆང་འཐུང་བྱ་བར་སྡང་མཁན་ནི།།

སྐྱེ་བོའི་ནང་ནས་བསྔགས་འོས་དང་།།

ཚོད་མེད་ཆང་འཐུང་བྱེད་མཁན་ནི།།

སྐྱེ་བོའི་ནང་ནས་ཐ་ཤལ་ཡིན།།

ཁེར་གླུ།

 

ས་གནས་འདི་རུ་སླེབས་ནས།།

ཉིན་གྲངས་ཉི་ཤུ་སོང་འདུག།

ཉིན་མ་འགྲོ་གིན་འགྲོ་གིན།།

བཟའ་མི་ཇེ་དྲན་རེད་འདུག།


ཤ་ལས་ཆད་པའི་བུ་མོའི།།

སྨྲ་སྒོ་འཁྲོལ་བའི་སྐད་ཆ།།

མངོན་སུམ་ཐོས་རྒྱུའི་འདོད་པ།།

ཇེ་དྲག་ཇེ་ཆེ་རེད་འདུག།


མཛེས་ཤིང་གཡོས་སྦྱོར་མཁས་པའི།།

ཚེ་གཅིག་གཏན་གྲོགས་དེ་ཡི།།

ལག་པས་གཡོས་པའི་ཁ་ལག།

ཟ་འདོད་ཇེ་ཆེ་རེད་འདུག།


གཅིག་པུར་ཤག་ཏུ་སྡོད་ཅིང་།།

གཅིག་པུར་ཡར་མར་འགྲོ་དུས།།

བཟའ་ཟླ་བུ་ཕྲུག་དྲན་པ།།

ཇེ་དྲག་ཇེ་ཆེ་རེད་འདུག།


སླད་མར་ལྷན་འཛོམས་སྐལ་བ།།

ཤར་བའི་དུས་ཤིག་རྙེད་ན།།

མ་ཤི་གསོན་བྲལ་ལས་དེ།།

མི་བྱེད་དམ་བཅའ་བཞག་ཡོད།།

སུ་རེད།


ཕ་ས་ཕྱུག་མོའི་སྒང་ལ།།

བདེ་སྐྱིད་འཚོ་བ་མེད་པར།།

མི་ཡུལ་འཚོ་བ་སྐྱུར་མོ།།

མྱོང་དུ་འཇུག་མཁན་སུ་རེད།།


མགོ་ནག་བོད་མིའི་ལྷ་སྐལ།།

སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ།།

༸གོང་ས་སྐྱབས་མགོན་ཆེན་པོ།།

ཁྲམ་པར་སྒྲོགས་མཁན་སུ་རེད།།


རྩ་ཆེའི་བོད་སྐད་བོད་ཡིག།

རྩ་མེད་གཏོང་རྒྱུའི་ཆེད་དུ།།

རྩ་ཁྲིམས་འགོ་མཇུག་སློག་ལ།།

ཡ་ང་མེད་མཁན་སུ་རེད།།


ཆོལ་གསུམ་བོད་རིགས་སྤུན་ཟླ།།

ཞོ་བཞིན་བརྟན་པོར་ཆགས་ཤིང་།།

སྤུན་ཟླའི་འདུ་ཤེས་ཟབ་དུས།།

ཁྲག་བཞིན་དཀྲུག་མཁན་སུ་རེད།།


རང་བཙན་ཡིན་པའི་སྒྲུབ་བྱེད།།

མིག་ལ་བཤམ་རྒྱུ་ཡོད་ཀྱང་།།

བོད་རྒྱལ་རྒྱ་ཁོངས་ཡིན་ཚུལ།།

ཧམ་བཤད་བྱེད་མཁན་སུ་རེད།།


བོད་ཀྱི་ས་ཆའི་སྒང་ལ།།

རྒྱ་མི་སྤོ་རུ་བཅུག་ནས།།

བོད་ཡུལ་རྒྱ་ཡུལ་སྒྱུར་ལ།།

ཇུས་ངན་འདིང་མཁན་སུ་རེད།།


མི་རིགས་ལྔ་བཅུ་ང་དྲུག།

རྒྱ་མི་ཡིན་པར་འཆེས་ཀྱང་།།

རྒྱ་བོད་འཁྲུག་འཛིང་ཚེ་ན།།

རྒྱ་རྒྱབ་ལང་མཁན་སུ་རེད།།


གནའ་ནས་དེང་གི་ད་བར།།

འབྲོག་པ་བྱས་ནས་འཚོ་ཞིང་།།

རང་ཁ་རང་གསོ་བྱེད་པོ།།

གྲོང་དུ་འབེབས་མཁན་སུ་རེད།།


ཕ་ས་ཕྱུག་མོའི་གཏིང་ནས།།

གསེར་དངུལ་ཟངས་ལྕགས་བསྔོགས་ཤིང་།།

སྟུག་པའི་ནགས་ཚལ་མཐའ་དག།

མེད་པར་བཟོ་མཁན་སུ་རེད།།


ཨེ་ཤི་ཡ་ཡི་འགྲོ་བར།།

ཚེ་སྲོག་སྦྱིན་པའི་ཆུ་བོ།།

གངས་ཅན་ཡུལ་ནས་འབབ་ཀྱང་།།

ཁ་སྒྱུར་བྱེད་མཁན་སུ་རེད།།


སུ་རེད་སུ་རེད་སུ་ཞིག་རེད།།

ཆོལ་གསུམ་བོད་རིགས་སུ་ཡང་མིན།།

དེས་ན་རྒྱ་དམར་གུང་ཁྲན་ནི།།

ང་ཚོའི་དགྲ་རུ་ཤེས་པར་གྱིས།།

Thursday, 9 September 2021

དྲན་གདུང་།

ཡུལ་ལྗོངས་མཛེས་སྡུག་ལྡན་ཞིང་།།

ཡུལ་མི་གཤིས་རྒྱུད་འཇམ་ཡང་།།

བཟའ་ཟླ་བུ་ཕྲུག་མེད་ན།།

སྐྱིད་སྣང་ཚོར་གྱི་མི་འདུག།


སློབ་གྲྭ་ཆགས་ས་ལེགས་ཤིང་།།

མཐུན་རྐྱེན་ཡོངས་རྫོགས་འཛོམས་ཀྱང་།།

བཟའ་ཟླ་བུ་ཕྲུག་མེད་ན།།

སྐྱིད་སྣང་ཚོར་གྱི་མི་འདུག།


སློབ་སྤྱི་ཐུགས་རྒྱ་ཆེ་ཞིང་།།

ལས་རོགས་འཆམ་མཐུན་ཟབ་ཀྱང་།།

བཟའ་ཟླ་བུ་ཕྲུག་མེད་ན།།

སྐྱིད་སྣང་ཚོར་གྱི་མི་འདུག།


སློབ་ཕྲུག་གཤིས་ཀ་བཟང་ཞིང་།།

སློབ་ལ་འབད་བརྩོན་ཆེ་ཡང་།།

བཟའ་ཟླ་བུ་ཕྲུག་མེད་ན།།

སྐྱིད་སྣང་ཚོར་གྱི་མི་འདུག།


ལས་དང་སྨོན་ལམ་དབང་གིས།།

འཕྲད་པའི་བཟའ་ཟླ་བུ་ཕྲུག།

བདེ་དང་སྐྱིད་པའི་གཞི་མར།།

ངེས་ཤེས་བརྟན་པོ་རྙེད་སོང་།།


སྐྱིད།

ཡུལ་ལྗོངས་མཛེས་པ་ཁོ་ན་ཡིས།།

དྷོ་ལན་ཇི་ལ་སྐྱིད་མིན་ཏེ།།

རྒྱ་བོད་གཉིས་ཀའི་སྐྱེ་བོ་དག།

གཤིས་རྒྱུད་འཇམ་པ་དེས་ཀྱང་ངོ་།།


སློབ་སྤྱི་བཟང་བ་ཁོ་ན་ཡིས།།

དྷོ་ལན་ཇི་ལ་སྐྱིད་མིན་ཏེ།།

ལས་རོགས་དགེ་རྒན་ལས་བྱེད་དག།

འཆམ་མཐུན་ཟབ་པ་དེས་ཀྱང་ངོ་།།


སློབ་གྲྭ་རྫིག་པ་ཁོ་ན་ཡིས།།

དྷོ་ལན་ཇི་ལ་སྐྱིད་མིན་ཏེ།།

ན་ཆུང་སློབ་ཕྲུག་ཕོ་མོ་དག།

སློབ་ལ་བརྩོན་པ་དེས་ཀྱང་ངོ་།།


༢༠༢༡།༠༨།༢༤ ཉིན་ཇ་འཐུང་ཞོར་དུ་བྲིས།


དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ།

རི་ངོས་གཅིག་ལ་སྨན་རིའི་དགོན།།

རི་ངོས་གཅིག་ལ་བཙུན་མའི་དགོན།།

རི་ངོས་གཉིས་ཀྱི་དཀྱིལ་དབུས་སུ།།

ང་ཚོའི་སྐྱིད་པའི་སློབ་གྲྭ་ཆགས།།


སློབ་གྲྭའི་དགེ་ལས་བཟང་བ་དང་།།

སློབ་མའི་གཤིས་རྒྱུད་འཇམ་པ་ཡིས།།

དགེ་སློབ་གཉིས་ཀའི་སེམས་པ་ནི།།

སློབ་གྲྭ་འདི་ལ་ངང་གིས་ཆགས།།


སློབ་གྲྭ་མང་པོ་ཡོད་ན་ཡང་།།

ང་ཚོའི་སློབ་གྲྭ་འདྲ་བ་མེད།།

དགེན་གྱིས་སློབ་མ་བུ་བཞིན་སྐྱོང་།།

སློབ་མས་དགེ་ལས་ཕ་བཞིན་བཀུར།།

Wednesday, 21 July 2021

མི་ངན་ཚོའི་བྱས་ཉེས་དང་གདོང་རིས་སེམས་ནས་བརྗེད་མི་སྲིད།

 སྲིད་སྐྱོང་དོ་ན་ང་ཚོའི་བོད་ཡུལ་ལ།།

རང་བཙན་གཙང་མ་འཐོབ་རྒྱུ་ཡོད་པ་ལྟར།།

གཞི་མེད་སྐྱོན་བརྗོད་གཅིག་རྗེས་གཉིས་མཐུད་དུ།།

བྱེད་མཁན་མི་དག་ནམ་ཡང་བརྗེད་མི་སྲིད།།

 

རྩ་བའི་བླ་མས་བཙུགས་པའི་བོད་གཞུང་དེ།།

རྩ་གཏོར་ཐུབ་ན་ཁེ་བཟང་ཡོད་པ་ལྟར།།

ཐབས་ཤེས་ཡོད་རྒུས་གཏོར་རྩིས་བྱེད་མཁན་དག།

ང་ཚོས་ནམ་ཡང་སེམས་ནས་བརྗེད་མི་སྲིད།།

 

ཆོལ་གསུམ་འཁྲུགས་ན་མགོ་ནག་བོད་མི་ལ།།

སྐྱིད་ཀྱི་ཉིན་ཞིག་འཆར་རྒྱུ་ཡོད་པ་ལྟར།།

ཆོལ་གསུམ་ཁྲག་བཞིན་དཀྲུག་ལ་འབད་མཁན་ཚོ།།

ང་ཚོས་ནམ་ཡང་སེམས་ནས་བརྗེད་མི་སྲིད།།

Tuesday, 13 July 2021

སེམས་ཀྱི་དགའ་ཚལ།

རྫིག་པའི་མིང་ཞིག་འཐོབ་ས།།

འོས་འགན་ཕྲག་ཏུ་འཁུར་ས།།

གྲུབ་འབྲས་ཅུང་ཟད་ལེན་ས།།

སེམས་པ་འཁོར་སའི་དགའ་ཚལ།།


སྤྲོ་བའི་དགོད་སྒྲ་འཁྱིལ་ས།།

དགའ་སྐྱོའི་མིག་ཆུ་ཉིལ་ས།།

ངལ་རྩོལ་རྔུལ་ཁྲག་འཛག་ས།།

སེམས་པ་འཁོར་སའི་དགའ་ཚལ།།


སྙན་པའི་བསྟོད་པ་འབུལ་ས།།

ཕན་པའི་ཁ་ཏ་བྱེད་ས།།

སྐྱིད་པའི་བྲོ་གར་སྦྱོང་ས།།

སེམས་པ་འཁོར་སའི་དགའ་ཚལ།།


སྐད་ཡིག་བསྟན་པ་སྤེལ་ས།།

རིག་གཞུང་སེམས་ལ་ལྡུད་ས།།

མི་རིགས་ལ་རྒྱ་སྐྲུན་ས།།

སེམས་པ་འཁོར་སའི་དགའ་ཚལ།།


བློ་མཐུན་ཡོད་པས་དགའ་ས།།

གཤིས་བཟང་འདུས་པས་སྐྱིད་ས།།

རྒྱབ་སྐྱོར་མང་བས་གཅེས་ས།།

སེམས་པ་འཁོར་སའི་དགའ་ཚལ།།


ང་རང་ལས་ཀ་བྱེད་མྱོང་སའི་སློབ་གྲྭ་དེ་ཉིད་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ལྔ་འཁོར་བའི་ཉིན་མོ་ལ་བསམ་ནས་བྲིས།


Monday, 12 July 2021

མི་དོ་གི།

 རང་དབང་ལུང་པའི་ས་ཐོག་ཏུ།།

ཡོད་པའི་ང་ཚོ་བྱེས་མི་ཚོས།།

བཙན་འོག་ཡོད་པའི་གཞིས་མི་ལ།།

གང་ཅིའི་ཐད་ནས་མི་དོ་གི།

 

བླ་མའི་གསེར་ཞལ་མཇལ་རྒྱུ་དང་།།

གསུང་སྐད་ཐོས་རྒྱུ་མེད་ན་ཡང་།།

བླ་མར་བཅངས་པའི་དད་པ་ལ།།

ང་ཚོ་བྱེས་མིས་མི་དོ་གི།

 

རྒྱ་མིས་ཐབས་ཤེས་གང་ཡོད་ཀྱིས།།

ཆོལ་གསུམ་དཀྲུག་ལ་བརྩོན་ན་ཡང་།།

སྤུན་ཟླའི་འདུ་ཤེས་ཟབ་མོ་ལ།།

ང་ཚོ་བྱེས་མིས་མི་དོ་གི།

 

བོད་སྐད་རྒྱག་ཅིང་བོད་ཡིག་ལ།།

སྦྱངས་ན་མཐོང་ཆུང་བྱེད་ན་ཡང་།།

བོད་སྐད་སྲུང་བའི་སྙིང་སྟོབས་ལ།།

ང་ཚོ་བྱེས་མིས་མི་དོ་གི།

 

འཛམ་གླིང་ལྟ་བའི་མིག་ཟུང་གཉིས།།

བཙན་གྱིས་འགེབས་པར་བྱེད་ན་ཡང་།།

སྣ་མང་ཤེས་བྱའི་མཐོང་རྒྱ་ལ།།

ང་ཚོ་བྱེས་མིས་མི་དོ་གི།

 

རང་དབང་བྲལ་བའི་གཞིས་མི་ཚོའི།།

ཡོན་ཏན་དེ་དག་མཐོང་བའི་སྐབས།།

ང་ཡི་སེམས་ལ་སྤོབས་སེམས་ཤིག།

ངང་ངམ་ཤུགས་ཀྱིས་རྒྱས་ཀྱི་འདུག།

 

རང་དབང་ཆ་ཚང་ཡོད་བཞིན་དུ།།

ནང་འཁྲུག་རྒྱག་ལ་མགོ་འཁོར་བའི།།

བྱེས་མིའི་བྱེད་སྟངས་བསམ་པའི་སྐབས།།

སེམས་པ་སྡུག་གིས་མནར་གྱི་འདུག།

 

༢༠༢༡ ཟླ་ ༠༧ ཚེས་ ༡༢ ཉིན་གཞིས་བྱེས་གཉིས་ཀྱི་བྱེད་སྟངས་ལ་བསམ་གཞིག་ཅུང་ཟད་བྱས་རྗེས་བྲིས།

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།