ལས་འགན་འཁྱེར་བའི་ལྷག་བསམ་ཅན།།
ཕ་མ་གཉིས་ལ་བརྩེ་བ་ཅན།།
ཀུན་ལ་མཐུན་ལམ་བྱེད་པ་པོ།།
འཇམ་པའི་ཚིག་གིས་སྨྲ་བ་པོ།།
རྒན་ཚོད་ཟིན་ནས་བརྩོན་པ་པོ།།
ནོར་རྒྱས་འཛིན་གྲྭའི་ནོར་བུ་ཡིན།།
གཏམ་བརྗོད་འཁྲབ་པའི་རྩལ་གྱིས་ཕྱུག།
ཁུ་སིམ་སྡོད་པ་དགའ་ཕྱོགས་འཛིན།།
ནང་ལས་ཏག་ཏག་བྱེད་པ་པོ།།
ཀརྨ་འཛིན་གྲྭའི་སྐར་མ་ཡིན།།
ལས་འགན་འཁུར་བའི་སྙིང་སྟོབས་ལྡན།།
བྱ་བ་ཆེ་ཕྲ་གང་ཡིན་ཡང་།།
ཚུལ་བཞིན་བསྒྲུབ་རྒྱུ་གཙིགས་སུ་འཛིན།།
དབྱངས་ཅན་འཛིན་གྲྭའི་གཡང་བུམ་ཡིན།།
དབྱིན་བོད་གཉིས་ཀའི་ཡིག་གཟུགས་ལེགས།།
སྨྲ་བ་མང་པོ་མི་བྱེད་ཀྱང་།།
རིག་པ་རྣོ་ཞིང་སློབ་ལ་བརྩོན།།
པད་མ་འཛིན་གྲྭའི་པད་མ་ཡིན།།
ལས་དོན་ཆེ་ཕྲ་ཆུང་གསུམ་ལ།།
གདེང་སྤོབས་སྒོ་ནས་འཇུག་བྱེད་ཅིང་།།
ཀུན་གྱིས་བསྔགས་པའི་གཞིར་གྱུར་པ།།
ཉིམ་བུ་འཛིན་གྲྭའི་ཉི་མ་ཡིན།།
ངོ་ལ་འཛུམ་མདངས་རྟག་ཏུ་འཁྱིལ།།
ཡར་མར་འགྲོ་རྒྱུག་བྱེད་པར་དགའ།།
རྒན་གཞོན་ཀུན་ལ་བརྩེ་སེམས་སྙོམས།།
ལྷ་སྒྲོལ་འཛིན་གྲྭའི་རྐང་པ་ཡིན།།
དགེ་བའི་བཤེས་ལ་བརྩི་བཀུར་ཆེ།།
སྤྱི་དོན་སྒྲུབ་ལ་ལྷག་བསམ་ཆེ།།
རང་དགོས་སློབ་ལ་བརྩོན་པ་ཆེ།།
དབྱངས་ལྷ་འཛིན་གྲྭའི་ཟླ་བ་ཡིན།།
རི་མོ་ལེགས་ཤིང་ཡིག་གཟུགས་བཟང་།།
སེམས་ཚོར་རྗེན་པར་སྨྲ་ལ་དགའ།།
ལས་འགན་འཁུར་བའི་སྙིང་སྟོབས་ཅན།།
བསྟན་འཚོ་འཛིན་གྲྭའི་ལག་པ་ཡིན།།
མ་དྲིས་ཁ་རོག་སྡོད་པར་བྱེད།།
དྲིས་ན་བཤད་རྒྱུ་མང་མངའ་ཞིང་།།
རྐང་སྤོལ་རྩེ་ལ་སྤྲོ་བ་ཅན།།
འབྱོར་ལྡན་འཛིན་གྲྭའི་ཀླད་པ་ཡིན།།
ཡིད་འོང་འཛུམ་མདངས་ཀུན་ལ་སྤྲོ།།
ཀུན་གྱི་གཏམ་ལ་ཉན་པར་བྱེད།།
དགོས་དུས་ཀུན་ཡིད་དགའ་བྱེད་པའི།།
བརྩོན་ལྷ་འཛིན་གྲྭའི་ལྷ་མོ་ཡིན།།
གྲལ་མཐར་སྡོད་པར་དགའ་ན་ཡང་།།
བྲོ་དང་རྩེད་རིགས་སོགས་ཀྱི་ཚེ།།
ཀུན་ཡིད་རྩལ་གྱིས་འཕྲོག་བྱེད་པའི།།
ནནྡི་འཛིན་གྲྭའི་གསེར་ཉ་ཡིན།།
གླུ་ལ་དགའ་ཞིང་སྐད་ངག་སྙན།།
སྙིང་སྟོབས་ཆེ་ཞིང་ཀུན་དང་མཐུན།།
བློ་རིག་བཀྲ་ཞིང་སྣང་བ་སྐྱིད།།
བསྟན་སྒྲོལ་འཛིན་གྲྭའི་ཁུ་བྱུག་ཡིན།།
ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༠ ཉིན་འབྲི་འདོད་ཅིག་གིས་འབྲི་འགོ་བརྩམས་ཤིང་། ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༢༡ ཉིན་རྫོགས་པར་བྲིས་སོ།།
No comments:
Post a Comment