ཉིན་ཞག་སུམ་བརྒྱ་རེ་ལྔའི་རིང་།།
གཤིབས་པའི་ཉིས་སྟོང་བཅུ་གཉིས་དེ།།
ཕྱིར་འོང་མེད་པའི་གནས་ཤིག་ཏུ།།
རྒྱུས་ཡོད་དེ་དང་འགྲོགས་པའི་ཡུན།།
བསམ་པའི་ཡུལ་དུ་ལས་གནས་ཐོབ།།
མཐར་ཕྱིན་ཕྱག་འཁྱེར་ལག་ཏུ་སོན།།
སློབ་མ་མང་པོའི་དགེན་དུ་གྱུར།།
ལུང་བསྟན་ཞིག་ལ་བློ་གཏད་ཀྱང་།།
བོད་ལ་རང་བཙན་ཐོབ་མ་སོང་།།
འཇིགས་སྐྲུལ་ཞིག་གིས་སེམས་དངངས་ཀྱང་།།
འཛམ་གླིང་རྩ་མེད་གྱུར་མ་སོང་།།
བོད་མི་མང་པོས་ཞུགས་འབུལ་གནང་།།
དེ་ལས་མང་བ་བཙོན་དུ་ཚུད།།
སློབ་མ་མང་པོས་ཞི་རྒོལ་བརྩམས།།
བོད་དོན་རྩོད་པའི་ལོ་རུ་གྱུར།།
བཙན་བྱོལ་བོད་མིས་མཆོད་འབུལ་དང་།།
ངེས་མེད་ངེས་ཅན་ཟས་བཅད་དང་།།
ལས་ཁུངས་མདུན་དུ་པུས་བཙུགས་སོགས།།
བོད་དོན་ལས་འགུལ་སྣ་ཚོགས་སྤེལ།།
ཡོལ་བའི་ཉེ་བའི་ལོ་མོ་འདིར།།
གནས་ཚུལ་བཟང་ངན་སྣ་ཚོགས་བྱུང་།།
ཡོང་ལ་ཉེ་བའི་ལོ་ངོའི་ནང་།།
བོད་མིར་གཏམ་བཟང་ཡོད་པར་ཤོག།
No comments:
Post a Comment