གཅིག
སློབ་གླིང་གི་མཐའ་དབུས་ཡོངས་རྫོགས་བེ་ཏའི་སྡོང་པོས་གཙོས་པའི་སྣ་མང་ཤིང་སྡོང་གིས་གཏམས་མོད། དབྱར་དུས་ཀྱི་ཚ་རླབས་འཕྱུར་འགོ་རྩོམ་གྱིན་པའི་དུས་ཤིག་གི་ཚེ། བོད་དགེ་ཉི་ལོས་དྲིལ་བརྡ་ཐོས་པ་དང་གོམ་པའི་འདེགས་འཇོག་མྱུར་མོར་བསྒྱུར་ཏེ་འཛིན་ཁང་གི་སྒོ་བྱང་དུ་ཤིང་ལེབ་ནར་མོ་ཞིག་གི་ངོས་སུ་བཅུ་གཅིག་གསེར་ཉ་ཞེས་བཀྲག་རྩི་དཀར་པོས་བྲིས་པའི་ཕྱོགས་སུ་སྐྱོད་བཞིན་མཆིས། འཛིན་ཁང་དེ་ལས་རྟགས་འཇུག་གི་རྩ་བ་ཀློག་འདོན་བྱེད་བཞིན་པའི་དབྱངས་རྟ་སྙོམས་པོ་ཞིག་བོད་དགེའི་ཐོས་འཛིན་གྱི་བུ་གར་ལྷུང་བ་དང་ཁོང་གི་ངོ་ལས་དགའ་སྤྲོའི་འཛུམ་མདངས་ཤིག་བཀྲ་བཞིན་འཛིན་གྲྭར་འཛུལ། ཁོང་གིས་རྒྱུན་ལྡན་གྱི་བྱེད་སྒོ་ལྟར་ཐོག་མར་ནག་པང་གི་གཡོན་ཟུར་དུ་ཟླ་ཚེས་བྲིས་པ་དང་། སློབ་མ་ཚོས་རྩ་བ་ཀློག་འདོན་ཟིན་མཚམས་ཁོང་ཅག་གི་ཕྱོགས་སུ་ཁ་གཏད་དེ། སློབ་མ་ཚོ། བོད་ཀྱི་སྐད་ཡིག་གཉིས་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་དང་། དེ་གཉིས་བརླགས་པའི་ཉིན་མོ་ནས་བོད་པ་ཞེས་པའི་མི་རིགས་དེ་ཡང་བརླགས་པ་ཡིན་པས། བོད་ཡིག་གིས་ལྟོ་གོས་མི་སྦྱིན་ཞེས་པ་དང་། བོད་ཡིག་ལ་མདུན་ལམ་མེད་ཅེས་པའི་ཐ་ཤལ་གྱི་བསམ་བློ་དག་བསྐྱུར་ཏེ་བོད་ཡིག་ལ་དང་དོད་གང་གཟབ་བྱ་དགོས་ཞེས་ཚོར་བ་ཟབ་མོ་དང་འདྲེས་པའི་སྙིང་གཏམ་ཞིག་བཤད་ཀྱང་། འཛིན་གྲྭའི་གྲལ་གཞུག་ཏུ་བསྡད་ཡོད་པའི་སློབ་བུ་དགའ་ལོ་ཡིས་བོད་ཀྱི་སྐད་ཡིག་ཅེས་པ་དང་། ངོ་བོ་མཚོན་བྱེད། མི་རིགས་དེ་ཡང་བརླགས་པ་ཡིན་ཞེས་པའི་ཚིག་དུམ་ཐར་ཐོར་འགའ་ཞིག་ལས་ཅི་ཡང་མ་ཐོས། ཁོས་ཉོབ་སྣང་དང་བཅས་བོད་དགེའི་སྐད་ཆ་ལ་རྣ་བ་གཏད་མཚམས་བཞག་སྟེ་སྒེའུ་ཁུང་གི་ཕྱི་རོལ་གྱི་ཡུལ་ལྗོངས་ལ་གཡེངས་ནས་བསྡད། ཁོ་ལ་མཚོན་ན་བོད་ཡིག་ནི་གཉིད་སྨན་ཞིག་ཏུ་སྣང་། དེས་ན། ཁོས་བོད་དགེས་བཤད་ཚད་ངག་འཁྱལ་འབའ་ཞིག་ཏུ་བསམ་ནས་བོད་དགེའི་ཕྱོགས་སུ་ལྟ་ཙམ་ཡང་མ་བྱས་པར་སྒེའུ་ཁུང་བརྒྱུད་དེ་མཐོང་བཞིན་པའི་དགེ་རྒན་གྱི་ལས་ཤག་དང་ཤིང་སྡོང་སོགས་ལ་ཅེར་ནས་བསྡད། བོད་དགེས་ཁོའི་བྱེད་སྟངས་དེ་གསལ་བར་མཐོང་མོ ད། དེ་སྔོན་ཡང་ངེད་ཅག་ནི་བོད་པ་ཡིན་པ་དང་། རང་ས་གཞན་ལག་ཏུ་ཤོར་ཏེ་མི་ཡུལ་གྱི་འཚོ་བ་སྐྱ་མོར་གྱར་བའི་མི་རིགས་ཤིག་ཡིན་པའི་ཆ་ནས་རང་གི་ངོ་བོ་སྲུང་ཆེད་རང་རེའི་སྐད་ཡིག་ལ་ལྷག་པར་དོ་དབྱིངས་དགོས་པའི་ཁ་ཏ་ལན་མང་བྱས་མྱོང་ཡང་། དགའ་ལོའི་བྱ་སྤྱོད་ལ་མངོན་གསལ་གྱི་འགྱུར་ལྡོག་གང་ཡང་མ་བྱུང་སྟབས། དེ་རིང་བཤད་ཀྱང་བེད་མེད་དུ་འགྱུར་ངེས་སྙམ་སྟེ་ཅི་ཡང་མ་བཤད། འོན་ཀྱང་བོད་དགེའི་སེམས་པའི་ཟུར་ཞིག་ན་སེམས་སྡུག་གི་ཚོར་བ་རྩུབ་མོ་ཞིག་འཕྱོ་བཞིན་པ་དང་ཟུར་ངོགས་གཞན་ཞིག་ན་རེ་བའི་འོད་སྣང་མག་མོག་ཅིག་འཚེར་བཞིན་པ་ནི་སུ་ཡིས་རྟོགས་ནུས།
གཉིས།
ནམ་མཁའ་གཡའ་དག་ཅིང་བསེར་རླུང་དལ་གྱིས་ལྡང་བཞིན་པའི་ཞོགས་པ་ཞིག་གི་ཉིན་དགའ་ལོ་མལ་ལས་ལངས་པའི་ཚེ་ན་ལུས་ཁམས་མི་བདེ་བའི་ཚོར་བ་ཟབ་མོ་ཞིག་གིས་དབང་སྒྱུར་བྱས་པ་ལས་ཁོས་དེ་ཉིན་གྱི་ཞལ་འདོན་ལ་འགྲོ་རྒྱུའི་ཚབ་ཏུ་འཛིན་གྲྭར་བསྐྱོད་དེ་ངལ་གསོ་བྱ་རྒྱུའི་སེམས་ཐག་བཅད། ཁོ་རང་འཛིན་གྲྭར་ཆས་པའི་ལམ་བར་དུ་ཁོ་རང་གི་འཛིན་ཁང་དང་ཉེ་བའི་རྩིག་ལྡེབས་ཤིག་ན། རྟག་ཏུ་གཞན་དོན་མི་སེམས་པ། །དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས། །ཞེས་པའི་ལེགས་བཤད་ཅིག་མཐོང་། ཁོ་རང་ནམ་རྒྱུན་ལམ་བུ་དེ་བརྒྱུད་ནས་ལན་མང་བསྐྱོད་མྱོང་ན་ཡང་། རྩིག་ལྡེབས་ཀྱི་ལེགས་བཤད་དག་ལ་དོ་སྣང་ཡེ་ནས་བྱས་མ་མྱོང་། འོན་ཀྱང་དེ་ཉིན་ཁོས་ལེགས་བཤད་དེ་མཐོང་མ་ཐག་ཁོ་རང་གི་ལུས་ཀུན་ལ་ཙག་ཤད་ཅིག་རྒྱུ་བའི་སྣང་བ་ཤར། ད་དུང་ལན་འདེབས་ཀྱིས་དབེན་པའི་དྲི་བ་མང་དག་ཅིག་ཁོ་རང་གི་ཀླད་སྦུབས་སུ་འཚང་བཞིན་སླེབས། དེ་ཡང་། ཕ་མ་གཉིས་པོས་ང་རང་ས་ཐག་རིང་པོ་འདི་ལྟ་བུ་ཞིག་ཏུ་བརྫངས་པའི་དམིགས་ཡུལ་དེ་ནི་ང་རང་ཕྱུགས་དང་དབྱེ་བ་མ་མཆིས་པའི་མི་བུ་ཞིག་ཏུ་གྱུར་ན་བསམ་ནས་ཨེ་ཡིན། ང་རང་སློབ་གྲྭར་མ་ཞུགས་པའི་སྔ་རོལ་ཏུ་ལེགས་ཉེས་དབྱེ་འབྱེད་མི་ཤེས་པ་ཕྱུགས་དང་མཚུངས་པ་ཞིག་ཡིན་དུ་ཆུག་ཀྱང་། སློབ་གླིང་འདི་ནས་ཐོན་སྐབས་ཀྱང་ཕྱུགས་ཀྱི་བསམ་བློ་དང་མི་ཡི་ལུས་ཕུང་ཞིག་ཁྱེར་ཏེ་འགྲོ་ན་ཨེ་རིགས། ཕ་མ་གཉིས་ལ་བརྩེ་བ་མེད་པ་མི་སྲིད་མོད་མི་ཚེ་གང་པོར་ཕ་མ་གཉིས་ལ་བསྙེས་ཏེ་བསྡད་ན་ཨེ་འཚམ། རེ་བའི་མིག་ཞགས་རྒྱང་ནས་འཕེན་ས་དེ་ཉིད་སྟོང་པ་གསུམ་ལྡན་ཞིག་ཏུ་གྱུར་ནས་ཕྱིར་ལོག་བྱུང་ཚེ་ཕ་མ་རྣམ་གཉིས་དགའ་བ་ཨེ་སྲིད། རང་ཉིད་ཅི་ཡང་མི་ཤེས་པ་ཞིག་ཏུ་གྱུར་ན་མི་གཞན་ལྟ་ཅི། རང་གི་བུ་ཕྲུག་གིས་ཀྱང་མིག་ནང་དུ་འཇོག་པ་ཨེ་ཡོང་། དེ་དང་དེ་འདྲ་བའི་དྲི་བ་དུ་མ་ཞིག་གིས་ཁོ་བའི་མགོ་བོ་གས་ལ་ཁད་དུ་བྱས། མཚམས་དེ་འདྲ་ཞིག་ནས་ཁོ་རང་རྨོངས་གཉིད་མཐུག་པོ་ལས་རྦད་དེ་སད། ད་བར་ཁོ་རང་གིས་བྱིས་པ་ལོ་བརྒྱད་ཀྱི་ངང་ཚུལ་བཟུང་སྟེ་ཡག་པ་འདོར་ཞིང་ཉེས་པ་འབའ་ཞིག་གཉེར་བའི་བྱ་སྤྱོད་དེ་དག་གསལ་ལེར་རིག་ཅིང་། རིག་པས་མ་ཚད་དེ་ལ་སེམས་གཏིང་ནས་ནོངས་འགྱོད་དྲག་པོ་སྐྱེས། ད་དུང་ནོངས་འགྱོད་དྲག་པོ་སྐྱེས་པས་ཀྱང་མ་ཚད་དུས་དེ་ནས་བཟུང་རང་ནུས་ཡོད་རྒུས་བོད་ཡིག་གཙོ་བོར་གྱུར་པའི་ཤེས་ཡོན་ལ་དང་དོད་བྱས་ཏེ་མ་འོངས་པར་རབ་བྱུང་ན་བོད་རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེགས་སྒྲུབ་པའི་མི་ཞིག་དང་། དེ་ལྟར་མ་བྱུང་ཡང་ཕ་མའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་མི་བུ་ཞིག་ཅིས་ཀྱང་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཞིག་སེམས་ཁོང་ནས་བཅས།
གསུམ།
གནམ་གཤིས་ཚད་པ་ཆེ་ཞིང་ཚ་རླུང་ཆད་མེད་དུ་ལྡང་བཞིན་པའི་རྐྱེན་གྱིས་ངོ་གདོང་གི་གཡང་གཟར་ལས་རྔུལ་ནག་གི་ཐིགས་པ་བཞུར་བཞིན་འདུག་ན་ཡང་། དགའ་ལོ་ཡིས་བོད་དགེས་འཛིན་གྲྭ་རུ་ཁ་འཕངས་བྱས་མྱོང་བའི་འབྲེལ་ཡོད་དཔེ་དེབ་ཁག་ཕལ་མོ་ཆེ་ཞིག་གཡར་ཉོ་གཉིས་ཀྱི་ལམ་ནས་མཁོ་སྒྲུབ་བྱས་ཤིང་། དུས་ཡུན་སྐར་ཆ་རེ་ཡང་བསྲི་ཚགས་བྱས་ཏེ་ལྟ་ཀློག་བྱེད་བཞིན་འདུག་པར་མ་ཟད། ཤེས་བྱའི་རྣམ་གྲངས་གསར་པ་མང་པོ་ཞིག་ཀྱང་ཁོང་དུ་ཆུད་བཞིན་མཆིས། གཞན་ཡང་ཤེས་ཚད་གོང་འཕེལ་གཏོང་བའི་ཐབས་ལམ་ངོ་མ་ནི་ཉན་ཀློག་འབྲི་གསུམ་ལས་མ་འདས་ཞེས་པའི་གདམས་ངག་དེ་སྙིང་དབུས་སུ་བཅངས་ཏེ་ཐབས་ལམ་དེ་གསུམ་ལག་བསྟར་གང་ནུས་བྱེད་བཞིན་འདུག་ལ། འཆད་རྩོད་རྩོམ་གསུམ་གྱི་ཐད་ལ་ཡང་མངོན་གསལ་གྱི་ཡར་སྐྱེད་ཡོང་བཞིན་གདའ། ལྷག་པར་བོད་ཡིག་སློབ་ཚན་གྱི་ཚེ་ན་བློ་གཅིག་སེམས་གཅིག་གིས་སློབ་འཁྲིད་ལ་དོ་སྣང་བྱེད་ཐོག་བོད་དགེའི་དྲི་འགོད་ཁག་ལ་ཡང་གནད་ལ་ཕིག་པའི་དྲིས་ལན་འདེབས་བཞིན་འདུག་པར། བོད་དགེ་དང་འཛིན་གྲོགས་གཉི་ག་ཡ་མཚར་ཞིང་ཧང་སངས་པར་གྱུར་པ་ཡང་ལན་གཅིག་ཙམ་མ་ཡིན་པས་ན། ཁོ་ནི་དེང་གི་དུས་འདིར་ཁོང་ཅག་གིས་མིག་དཔེ་རུ་བཟུང་བའི་སློབ་མ་ཞིག་དང་།
ཁྱད་པར་དུ་ཡུལ་མེད་མི་རབས་གསུམ་པ་བའི་མདུན་སྐྱོད་ཕོ་རྒོད་ཅིག་ཏུ་གྱུར་འདུག་གོ། །།
རང་སྐྱོན་རང་གིས་མཐོང་བྱས་ཏེ།།
རང་བློ་རང་གིས་བཅོས་བྱས་ན།།
འགྱུར་བ་དེ་ནི་འགྱུར་བ་ཡིན།།
འགྱུར་བ་དེ་ལ་འགྱུར་བ་མེད།།
ཕྱི་ལོ་ ༢༠༡༢ ཟླ་ ༠༥ ཚེས་ ༠༧ ཉིན་བྲིས་པ་འདི་ཉིད་སློབ་གཉེར་བ་རྣམས་བརྩམས་སྒྲུང་འབྲི་རྩོམ་གྱི་བྱ་བ་ལ་
བློ་ཁ་ཕྱོགས་པ་དང་། ལྷག་པར་རང་ངོ་རང་ལ་འཕྲོད་ཅིང་རང་འགན་འཁུར་དུ་
འཁྱེར་བ་ལ་སྤྲོ་བ་དང་ལྡན་པའི་མི་རབས་གསུམ་པ་བར་
འགྱུར་བའི་གྲོགས་སུ་འགྲོ་བར་
སྨོན།
No comments:
Post a Comment