ཡངས་པའི་ཨ་སྔོན་དབྱིངས་གནས་པའི།།
འོད་དཀར་ཅན་གྱི་འཕེལ་འགྲིབ་ལ།།
བལྟས་ཏེ་སེམས་ལ་དགའ་འཇིགས་གཉིས།།
འགྲོ་འམ་སྡོད་ཀྱི་གདམ་ག་གཉིས།།
འགའ་ཞིག་ཉ་གང་ཟླ་བ་ཡི།།
རྗེས་སུ་འགྲོ་བ་མཐོང་བའི་ཚེ།།
སེམས་པའི་ནང་དུ་དགའ་ཚོར་ཞིག།
འགྲོ་འདོད་ཆེ་བའི་འདུན་པ་ཞིག།
རེ་འགའ་དམར་ཕྱོགས་ཟླ་བ་ཡི།།
ངང་ཚུལ་འཛིན་པ་རིག་པའི་དུས།།
སྙིང་དམར་ཁོང་དུ་འཇིགས་སྣང་ཞིག།
སྡོད་འདོད་སེམས་ཚོར་དྲག་པོ་ཞིག།
ཁ་ཤས་རི་མོའི་ཟླ་བ་ཡི།།
དཔེ་རུ་སོང་བ་སྣང་བའི་སྐབས།།
འགྲོ་འམ་སྡོད་ལ་ཧེ་བག་ནི།།
མེད་པའི་ངེས་ཤེས་རྣལ་མ་ཞིག།
རྟོག་པའི་ཡུལ་གྱི་རྣམ་པ་མཚར་ན་ཡང་།།
མངོན་སུམ་མིག་ཡུལ་གྱུར་བ་མི་སྡུག་དངོས།།
སེམས་ཀྱི་མེ་ལྕེ་འཆི་ལ་ཁད་གྱུར་ཀྱང་།།
འཆི་བར་མི་འདོད་མར་ཁུའི་གསོན་རྐྱེན་ཞིག།
No comments:
Post a Comment