སྔོན་བསགས་ཀྱི་ལས་འཕྲོ་ལས༎
བློ་མཐུན་གྱི་གྲོགས་ཁྱུ་ཞིག།
མ་དྲན་པའི་གནས་ཤིག་ནས༎
དགེ་འོས་ཀྱི་འཛིན་གྲྭར་ཕྲད༎
ཐུགས་སྒམ་གྱི་སྤྱོད་ཚུལ་འཛིན༎
རྣར་སྙན་གྱི་དགོད་སྒྲ་སྒྲོགས༎
སྨྲ་བརྗོད་ལ་ཐོགས་མེད་མ༎
སྐལ་ལྡན་དེ་ཤེས་རྒྱ་ཆེ༎
རིག་པ་ནི་ཤིན་ཏུ་བཀྲ༎
དུས་ཚོད་ལ་དམ་འཛིན་ཆེ༎
རང་གྲོགས་ལ་བརྩེ་འདང་ཅན༎
ཆོས་སྒྲུབ་དེ་བརྩོན་པ་ཆེ༎
ཁུར་འདེགས་ཀྱི་བསམ་པ་བརྟན༎
འཛིན་གྲོགས་ལ་ཞེན་པ་ཟབ༎
ལྷག་བསམ་གྱི་གངས་རི་དཀར༎
ཆོས་ཉིད་དེ་བསམ་ཤེས་ཆེ༎
རང་མི་ལ་ཞེན་པ་དཀར༎
རང་སྐད་ལ་སྤྲོ་བ་ལྡན༎
རང་རྒྱལ་ལ་དགའ་ཞེན་ཅན༎
མཁའ་འགྲོ་དེ་ལ་རྒྱ་ཆེ༎
ཉམ་ཆུང་གི་ཚུལ་འཛིན་ཡང༌༎
བློ་གྲོས་ཀྱི་གནས་ཚད་མཐོ༎
མྱོང་ཅན་གྱི་འཛིན་གྲོགས་མ༎
ཕུན་སྒྲོལ་དེ་བསྟུན་མཁས་ཆེ༎
ཅ་ཅོ་ཡི་ངག་བསྡམས་ཏེ༎
སེམས་ཆུང་གི་གཤིས་ལ་བརྩོན༎
སྨྲ་ཉུང་གི་གཉོམ་སྤྱོད་མ༎
ཆོས་སྐྱིད་དེ་ཁོག་རྒྱ་ཆེ༎
མཛེས་སྡུག་གི་དཔལ་གྱིས་ཕྱུག།
གཞན་ཚོར་ལ་བསམ་ཤེས་ལྡན༎
མྱུར་སློབ་ཀྱི་རིག་གསལ་མ༎
ཚེ་ལྷ་དེ་བློ་གྲོས་ཆེ༎
ཞལ་རས་དེ་མཚར་བ་བཞིན༎
ནང་སེམས་དེ་གངས་ལྟར་དཀར༎
སེར་སྣ་ཡི་སྒོ་ལྕགས་བྲལ༎
ལེགས་བཤད་དེ་གཏོང་ཕོད་ཆེ༎
ཆུང་ཆུང་གི་ལུས་འཛིན་ཡང༌༎
ཆེ་ཆེ་ཡི་བསམ་པ་ལྡན༎
སློབ་སྦྱོང་ལ་བརྩོན་པ་ཅན༎
ཆོས་སྒྲོན་དེ་ལག་རྩལ་ཆེ༎
འཛུམ་ལྡན་གྱི་ཞལ་ངོམ་ཞིང༌༎
ཤེས་ཡོན་གྱི་བདུད་རྩི་འཐུང༌༎
བཟང་ངན་གྱི་དབྱེ་ཤེས་མ༎
ཀུན་ཆོས་དེ་རྣམ་དཔྱོད་ཆེ༎
བློ་གྲོས་ཀྱི་དཔངས་མཐོ་ཞིང༌༎
རྒྱལ་ཞེན་གྱི་བསམ་པ་དཀར༎
དྲང་བདེན་ལ་དགའ་ཞེན་ཅན༎
དགེ་རྒྱས་དེ་དཔའ་མཛངས་ཆེ༎
གངས་དཀར་གྱི་སེམས་དང་ལྡན༎
ས་གཞི་ཡི་བཟོད་པ་འཆང༌༎
བསྟུན་མཁས་ཀྱི་བློ་ཅན་པ༎
ཚེ་དཔག་དེ་ཤེས་རབ་ཆེ༎
སྙིང་རྗེ་ཡི་རྩ་བ་སྦོམ༎
རང་གནས་སུ་གཞན་འཇོག་བྱེད༎
ཨ་གསར་གྱི་སེམས་མེད་མ༎
པ་སངས་དེ་བརྩེ་འདང་ཆེ༎
མི་ཆུང་གི་རྐང་འཁོར་བཞོན༎
དུས་ཐོག་ཏུ་འཛིན་གྲྭར་ཡོང༌༎
ང་རྒྱལ་གྱི་ཁེངས་མེད་མ༎
ཨོ་རྒྱན་དེ་བསམ་སྟོབས་ཆེ༎
ངན་གོམས་ཀྱི་གོས་རྙིང་ཕུད༎
མི་བཟང་གི་གྲལ་དུ་ཞུགས༎
སློབ་སྦྱོང་ལ་དོན་གཉེར་ཅན༎
བྱམས་པ་དེ་ཕུགས་བསམ་ཆེ༎
དུས་ཐོག་ཏུ་ཉལ་ལང་བྱེད༎
སློབ་སྦྱོང་ལ་འདུན་པ་ཟབ༎
བསམ་ཤེས་ཀྱི་རྒྱན་ཆ་བ༎
པད་ཆོས་དེ་སྤྱི་སེམས་ཆེ༎
ཀུ་རེ་ལ་དགའ་མོས་ལྡན༎
སེམས་མཐུན་གྱི་གྲོགས་པོ་མང༌༎
གུ་ཡངས་ཀྱི་བསམ་པ་ཅན༎
ཆོས་འཛོམས་དེ་བཟོད་སྒོམ་ཆེ༎
བློ་གྲོས་ཀྱི་ནོར་གྱིས་བརྒྱན༎
སློབ་བརྩོན་གྱི་རྟ་ཕོ་རྒོད༎
གྲོགས་ཕན་གྱི་ཕྱག་བཟང་མ༎
ལྷག་པ་དེ་སྙིང་སྟོབས་ཆེ༎
ཕུགས་བསམ་གྱི་མིག་རྒྱང་རིང༌༎
སྣེ་འཁྲིད་ཀྱི་ནུས་མཐུ་རྫོགས༎
ཚུལ་མཐུན་གྱི་གཤིས་བཟང་མ༎
བདེ་གསར་དེ་ལྷག་བསམ་ཆེ༎
སྐྱེས་པ་ཡི་ལ་རྒྱ་འཆང༌༎
ཁྲེལ་གཞུང་གི་མཇུག་མ་རིང༌༎
རྐང་ཟུང་ལ་འཁོར་ལོ་ཅན༎
བསྟན་ནོར་དེ་ལས་བརྩོན་ཆེ༎
བཟོད་བསྲན་གྱི་བྲག་རི་བརྟན༎
རྟོག་དཔྱོད་ཀྱི་ནམ་མཁའ་ཡངས༎
སྨྲ་བརྗོད་ལ་སྙིང་སྟོབས་ཅན༎
ཟླ་བ་དེ་འགན་ཁུར་ཆེ༎
ལས་བསྐོས་ཀྱི་འཛིན་གྲོགས་ཚོའི༎
འབུར་ཐོན་གྱི་ཁྱད་ཆོས་དག།
རང་ཉིད་ལ་སྣང་ཚུལ་བཞིན༎
ནག་རིས་སུ་བཏབ་པ་ལགས༎
འདིར་བཤད་ཀྱི་གཏམ་ཚོགས་སུ༎
སྙིང་གཅོད་ཀྱི་ཆ་ཡོད་ཚེ༎
བློ་རྨོངས་ཀྱི་གཤིས་མཐོང་ནས༎
- བཟོད་གསོལ་རེ་གནང་བར་འཚལ༎
No comments:
Post a Comment