བགྲང་བྱ་གཅིག་གི་དུས་ཡུན་ནང་།།
བེ་ཏའི་གྲོང་དུ་འགྲིམས་པའི་རྗེས།།
ཆ་རྒྱུས་ཅན་གྱི་ཝ་ཎ་རུ།།
འཁོར་རྒྱུ་བྱུང་བར་དགའ་སྤྲོས་མྱོས།།
བློ་སེམས་མཐུན་པའི་གྲོགས་ཚོགས་དང་།།
ཁ་བརྡ་གློད་པའི་སྐབས་ཐོབ་ཅིང་།།
ལོ་གཅིག་དུས་ཀྱི་འཁོར་ལོ་ནང་།།
འགྱུར་བ་གང་བྱུང་མཐོང་སྐལ་བྱུང་།།
མི་སྙན་ཚིག་གིས་ལྐོག་ཤེད་ནས།།
གཤུང་ལ་འཇུག་མཁན་མང་ན་ཡང་།།
ལེགས་བཅོས་མངོན་དུ་འགྱུར་བའི་ཚེ།།
རིགས་པ་མིན་པའི་ངེས་ཤེས་རྙེད།།
ཉེ་ཆར་བཀའ་ཆོས་ཚོགས་པ་ལས།།
ཕྱོགས་བཞི་མཚམས་བརྒྱད་གར་སོང་ཡང་།།
ཝཎའི་གླིང་གི་ཁོར་ཡུག་དེ།།
མིག་ལ་ལྷག་པར་མཛེས་པར་སྣང་།།
སྡོད་ཤག་དང་ནི་འཛིན་ཁང་གི།།
མདུན་ནས་དལ་གྱིས་སྐྱོད་པའི་དུས།།
རང་ཉིད་སློབ་ཕྲུག་ཡིན་དུས་ཀྱི།།
འདས་དོན་མཛེས་པོ་ཡིད་དུ་འཆར།།
ལོ་བཅུར་གནས་འདིར་བསྡད་པ་ཡིས།།
གནས་འདི་རང་ཡུལ་ཡིན་སྣང་སྐྱེ།།
ཕྱི་རུ་བསྐྱོད་ནས་སླར་འཁོར་དུས།།
སེམས་ལ་དགའ་སྣང་ངང་གིས་འཕེལ།།
ལྔ་ལམ་མ་འགྲིམས་གསོན་གྱུར་ན།།
རང་སེམས་འཁོར་སའི་ཝཎ་རུ།།
ལོ་གཅིག་ཐེངས་གཅིག་ཡོང་ཐབས་སུ།།
འབད་པ་ཅིས་ཀྱང་བསྟེན་པར་སྤྲོ།།
No comments:
Post a Comment