ཅི་དང་གང་ཞིག་བཤད་ཀྱང་རུང་།།
བདེན་གཏམ་འབའ་ཞིག་བཤད་པར་བྱ།།
གང་ཞིག་བདེན་གཏམ་མ་ཡིན་པ།།
དེ་ནི་བདག་གིས་བཤད་མི་བྱ།
།ཞེས་པའི་དམ་བཅའ་སྔོན་དུ་བཏང་ནས། དེ་རིང་གི་ཞོགས་ཚོགས་ཐོག་ཕེབས་པའི་ཆོས་དགེ་རིན་པོ་ཆེ་མཆོག་དང་། དགེ་ཆེ་མཆོག ཕྱག་རོགས་དགེ་རྒན་རྣམ་པ། ལྷག་པར་མ་འོངས་བོད་ཀྱི་སོན་རྩ་དང་། བོད་གསར་འཛུགས་སྐྲུན་བྱེད་པོ། གནའ་དེང་ཟུང་གི་ཤེས་བྱ་རིག་པའི་གནས་ལ་ལོངས་སུ་སྤྱོད་མཁན་ཟེར་བ་སོགས་མིང་རྫིག་པོ་དང་སྙན་པོ་མང་པོ་ཞིག་གི་བདག་པོ་ཡིན་མཁན་གྱི་སློབ་ཕྲུག་བཅས་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ང་རང་ལ་ཆ་མཚོན་ན། སློབ་གྲྭ་འདིའི་ནང་སླེབས་ནས་ལོ་ངོ་གཉིས་དང་ཕྱེད་ཀ་ཙམ་འགྲོ་གི་འདུག ལོ་ངོ་གཉིས་དང་ཕྱེད་ཀ་དེའི་རིང་འདི་གའི་སློབ་ཕྲུག་ཕོ་མོ་ཚོའི་འགྲོ་འདུག་སྤྱོད་གསུམ་དང་། འབྲི་ཀློག་ཉན་གསུམ། བྱ་བྱེད་ལས་གསུམ་སོགས་མང་པོ་ཞིག་ལ་དངོས་སུ་མཐོང་ཐོས་མྱོང་གསུམ་བྱེད་རྒྱུ་བྱུང་། མཐོང་ཐོས་མྱོང་གསུམ་བྱུང་བ་གཞི་ལ་བཞག་ནས་འདི་གའི་སློབ་མ་ཚོ་ཅི་འདྲ་ཡིན་མིན་གྱི་སྡོམ་ཞིག་བརྒྱབ་དགོས་ཡོད་ཟེར་ན། ངའི་སྡོམ་དེ་འདྲ་པོ་མི་འདུག་ཟེར་བ་དེ་ཆགས་ཀྱི་འདུག
དེར་བརྟེན་ད་ལན་གྱི་གཏམ་བཤད་བྱེད་པའི་རེ་མོས་འདིའི་སྐབས་ལ་གུས་པས་འདྲ་པོ་མི་འདུག་ཟེར་བའི་བརྗོད་གཞིའི་ཐོག་གཏམ་བཤད་བྱེད་རྒྱུ་ཡིན། ངས་གཏམ་བཤད་འདི་སློབ་གྲྭ་འདི་ལ་མ་དགའ་ནས་དང་། སློབ་ཕྲུག་ཚོ་ལ་མ་བརྩེ་ནས་བྱེད་ཀྱི་མེད། ངས་གཏམ་བཤད་འདི་སློབ་གྲྭ་འདི་ལ་སེམས་ནས་དགའ་ཞིང་། སློབ་ཕྲུག་ཚོ་ལ་སྙིང་ནས་བརྩེ་བའི་རྒྱུ་མཚན་གྱིས་བྱེད་ཀྱི་ཡོད།
ད་གཏམ་བཤད་དངོས་སུ་འགོ་བཙུགས་པ་ཡིན་ན། དང་པོ་དེ་ལ་གལ་སྲིད་ངས་སློབ་ཕྲུག་ཁྱེད་ཚོ་ལ་ཁྱེད་རང་ཚོ་སུ་ཡིན་གང་ཡིན་ཞེས་དྲི་བ་ཞིག་བཏོན་པ་ཡིན་ན། ཁྱེད་རང་ཚོས་ང་ཚོ་བོད་པའི་སློབ་ཕྲུག་ཡིན་ཟེར་རྒྱུ་ཐག་ཆོད་པ་ཡིན། བོད་པའི་སློབ་ཕྲུག་ཡིན་ཟེར་དུས་བོད་པ་ཡིན་ཟེར་གྱི་ཡོད་རེད། བོད་པ་ཡིན་ཟེར་དུས་མི་ཡིན་ཟེར་གྱི་ཡོད་རེད། ཡིན་ནའང་ངས་དེ་ལ་འདྲ་པོ་མི་འདུག་ཟེར་རྒྱུ་ཡིན།
དང་པོ་དེ་ལ་ཁྱེད་རང་ཚོ་མང་པོ་ཞིག་མི་ཡིན་པ་འདྲ་པོ་མི་འདུག མི་དང་དུད་འགྲོ་གཉིས་ཀས་ཟ་འཐུང་བྱེད་ཤེས་ཀྱི་ཡོད། ཡིན་ནའང་དུད་འགྲོས་བྱེད་མི་ཐུབ་པ་མིས་བྱེད་ཐུབ་པ་དེ་ཅི་རེད་ཟེར་ན། བསམ་བློ་གཏོང་ཐུབ་པ་དེ་རེད། མི་ཡིན་ན་ཡག་སྡུག་དང་། ཕན་གནོད། སྤྱི་སྒེར། ཁེ་གྱོང་སོགས་ལ་བསམ་བློ་གཏོང་ཐུབ་དགོས་ཀྱི་རེད། ཁྱེད་རང་ཚོ་ལ་དེ་འདྲའི་བསམ་བློ་ཞིག་ཡོད་པ་འདྲ་པོ་མེད་པའི་རྒྱུ་མཚན་གྱིས་ངས་ཁྱེད་རང་ཚོ་མི་འདྲ་པོ་མི་འདུག་ཟེར་གྱི་ཡོད། ང་ཚོའི་སློབ་གྲྭའི་ནང་ལ་གད་སྙིགས་ཀྱི་དཀའ་ངལ་ཞིག་ཡོད་བསྡད་པ་དེ་སློབ་ཕྲུག་ཚོ་ལ་མི་ལ་ཡོད་དགོས་པའི་བསམ་བློ་དེ་མེད་པའི་རྒྱུ་མཚན་གྱིས་ཡོང་གི་འདུག་བསམ་གྱི་ཡོད། དེ་མ་གཏོགས་སློབ་གྲྭའི་ནང་གད་སྙིགས་མཐོང་རྒྱུ་དཀོན་པ་ཞིག་བཟོ་ཆེད་བྱེད་རྒྱུ་ཡོད་ཚད་བྱས་སོང་། དགེ་ཆེ་མཆོག་གིས་གཙོས་པའི་དགེ་ལས་སློབ་ཕྲུག་མང་པོ་ཞིག་གིས་གད་སྙིགས་གང་སར་གཡུགས་ན་སློབ་ཕྲུག་ཚོའི་འཕྲོད་བསྟེན་ལ་གནོད་པ་དང་སློབ་གྲྭའི་མཚན་མཐོང་ལ་ཡང་གནོད་ཀྱི་ཡོད་ཚུལ་གྱི་ལམ་སྟོན་གནང་སོང་ལ། ཡིག་ཐོག་ནས་ཀྱང་གད་སྙིགས་གང་སར་གཡུག་རྒྱུ་མེད་པའི་སྐོར་ལ་ལམ་སྟོན་བྱས་སོང་། ལྷག་པར་སློབ་གྲྭ་འདི་ཡི་དབུ་འཛིན་དང་། སློབ་སྤྱི། དགེ་ཆེ། དགེ་རྒན་མང་པོ་ཞིག་གིས་གཞན་གྱིས་གཡུགས་པའི་གད་སྙིགས་བསྒྲུགས་ནས་མིག་དཔེ་བཟང་པོ་བསྟན་གནང་སོང་། དེ་བཞིན་ཁོར་ཡུག་ཚོགས་ཆུང་གིས་ཀྱང་གད་སྣོད་མང་དུ་བཏང་ནས་མཐུན་རྐྱེན་སྦྱར་སོང་། ཐབས་ཤེས་དེ་ཙམ་བྱས་ནའང་སློབ་ཕྲུག་ཚོས་གོ་མེད་ཚོར་མེད་ངང་གད་སྙིགས་གང་སར་གཡུག་གི་ཡོད་རེད། ད་དེ་ལ་མི་ལབ་ན་རན་པོ་འདུག་གམ། འཚམ་པོ་འདུག་གམ།
དེ་ནས་སྤྱི་རྫས་བཀོལ་སྤྱོད་བྱེད་སྟངས་ལ་གཅིག་གཟིགས་དང་། ཡི་གེ་ཉག་ཉོག་བྲིས་མེད་པ་དང་འགྱིག་བྱེ་རིལ་འབྱར་མེད་པའི་མདུན་ལྕོག་གཅིག་ཀྱང་མཐོང་རྒྱུ་ཡོད་མ་རེད། ཁ་ཤས་ལ་དཀར་སུབ་ཀྱིས་བྲིས་འདུག་ལ། ཁ་ཤས་ལ་སྤུ་གྲིས་བརྐོས་བརྒྱབ་འདུག ཡི་གེ་འབྲི་ས་དེབ་རེད་མ་གཏོགས་མདུན་ལྕོག་མ་རེད། མདུན་ལྕོག་དང་དེབ་དབྱེ་བ་ཕྱེ་མི་ཤེས་མཁན་ཞིག་ལ་མི་རེད་ལབ་ན་འོས་པོ་འདུག་གམ། འགྲིག་པོ་འདུག་གམ།
ཚོགས་ཁང་གི་གདན་དང་གད་སྣོད་ནོར་ནས་འགྱིག་བྱེ་རིལ་དང་གད་སྙིགས་གདན་འོག་ཏུ་བཅུག་མཁན་ཡང་འདུག གསང་སྤྱོད་དང་འགྲོ་ལམ་ནོར་ནས་མཆིལ་མ་གང་སར་འཕེན་མཁན་ཡང་འདུག དེ་ཚོ་ལ་མི་རེད་ལབ་ན་ལན་པོ་འདུག་གམ། མཚུངས་པོ་འདུག་གམ། སློབ་གྲྭ་འདི་མི་ཆགས་ས་རེད་མ་གཏོགས་དུད་འགྲོ་ཆགས་ས་མ་རེད།
ང་རང་ལ་ཆ་མཚོན་ན། བོད་ཁྱིམ་བོད་ཁྱིམ་སློབ་གྲྭ་ལ་སླེབས་ནས་མི་ཆགས་སོང་། བོད་དུ་ཡོད་དུས་དུད་འགྲོ་དང་ཁྱད་མེད་པའི་རྒྱུ་མཚན་གྱིས་ཉེན་རྟོག་པས་ཚར་གཉིས་འཛིན་བཟུང་བྱས་མྱོང་། ཁྱེད་རང་ཚོ་མི་འདྲ་པོ་མེད་པའི་རྒྱུ་མཚན་དེ་འདྲ་འདྲ་བོ་ཡིན།
དེ་ནས་ཁྱེད་རང་ཚོས་ང་ཚོ་བོད་པ་ཡིན་ཟེར་གྱི་ཡོད་རེད། ཡིན་ནའང་བོད་པ་འདྲ་པོ་མི་འདུག བོད་པ་ཡིན་ན་༸གོང་ས་མཆོག་གིས་འཛམ་གླིང་མི་མང་ལ་ངོ་སྤྲོད་མཛད་དང་མཛད་བཞིན་པ་ནང་བཞིན་དྲང་པོ་དང་། བཟང་པོ། ངོ་ཚ་ཁྲེལ་གཞུང་ཡོད་པ་ཞིག་དགོས། ཁྱེད་རང་ཚོ་མང་པོ་ཞིག་ལ་དེ་ཚོ་ཚང་མི་འདུག དྲང་པོ་མེད་ནས་ཡིག་ཚད་དཔེ་བཤུས་རྒྱག་གི་འདུག དྲང་པོ་མེད་ནས་ནོར་འཁྲུལ་ངོས་ལེན་བྱེད་ཀྱི་མི་འདུག དྲང་པོ་མེད་ནས་སོ་སོ་ལ་ཐོབ་ཐང་མེད་བཞིན་དུ་གཞན་གྱི་སྦག་སྦག་གཏོང་འགྲོ་བ་དང་གཞན་གྱི་དངུལ་དངོས་ལ་སོགས་པ་བརྐུ་མ་རྒྱག་འགྲོ་གི་འདུག
བཟང་པོའི་ཁྱད་ཆོས་ཚང་མེད་ནས་རྒྱ་བོད་དབྱིན་གསུམ་གྱི་གྲོང་ཚིག་སྡུག་རིགས་ངན་ཚད་ཚང་མ་ངོ་ཚ་མེད་པར་བེད་སྤྱོད་བྱེད་ཀྱི་འདུག སློབ་ཕྲུག་དམངས་ཀྱི་དཀྱིལ་ནས་བེད་སྤྱོད་བྱེད་ཀྱི་འདུག སྐད་ཤུགས་ཆེན་པོའི་སྒོ་ནས་བེད་སྤྱོད་བྱེད་ཀྱི་འདུག བཟང་པོ་མེད་ནས་དགེ་རྒན་ཚོ་ནི་འོན་པ་དང་། ལོང་བ། གླེན་པ་ཡིན་པར་བརྩི་གི་འདུག
ངོ་ཚ་ཁྲེལ་གཞུང་མེད་ནས་སློབ་གྲྭའི་སྒྲིག་འཛུགས་ཡང་ནས་བསྐྱར་དུ་བཤིག་གི་འདུག རྗེས་ལུས་ཐེབས་ཀྱི་འདུག གྱང་མཆོང་རྒྱག་གི་འདུག ངོ་ཚ་ཁྲེལ་གཞུང་མེད་ནས་དྲིན་ཆེན་ལག་པ་རྡོ་རྡུང་བྱེད་ཀྱི་འདུག འདི་ཚོ་བོད་པའི་ཁྱད་ཆོས་རེད་དམ། ཁྱེད་ཚོས་དེ་འདྲ་བྱེད་བསྡད་པ་ཡིན་ན་༸གོང་ས་མཆོག་གིས་འཛམ་གླིང་མི་མང་ལ་བོད་པ་ཡ་རབས་ཡོད་གསུངས་པ་དེ་ཞལ་རྫུན་ཆགས་འགྲོ་གི་མ་རེད་དམ། གཟབ་གཟབ་མ་བྱས་ན་བོད་པ་རུལ་འགྲོ་བའི་ཉེན་ཁ་འདུག
དེ་ནས་ཁྱེད་རང་ཚོས་ང་ཚོ་བོད་པའི་སློབ་ཕྲུག་ཡིན་ཟེར་གྱི་ཡོད་རེད། ཡིན་ནའང་ཁྱེད་རང་ཚོ་བོད་པའི་སློབ་ཕྲུག་འདྲ་པོ་མི་འདུག བོད་པའི་སློབ་ཕྲུག་ཡིན་ན། བོད་སྐད་བཤད་པར་སྤོབས་པ་དགོས་རེད། བོད་ཡིག་འབྲི་བར་སྤྲོ་བ་དགོས་རེད། བོད་དེབ་ཀློག་པར་དགའ་མོས་དགོས་རེད། བོད་གཞས་གཏོང་ཉན་བྱེད་པར་དོ་དབྱིངས་དགོས་རེད། ཡིན་ནའང་། ཁྱེད་རང་ཚོ་མང་པོ་ཞིག་ལ་དེ་དག་གི་ལྡོག་ཕྱོགས་ཏག་ཏག་ཚང་འདུག བོད་སྐད་བཤད་རྒྱུ་དང་། བོད་ཡིག་བྲི་རྒྱུ། བོད་དེབ་ཀློག་རྒྱུ། བོད་གཞས་གཏོང་ཉན་བྱེད་རྒྱུ་ལ་ཧ་ཅང་ཉོབ་སྣང་བྱེད་ཀྱི་འདུག
མཐའ་དོན་འདྲ་པོ་མེད་པ་ཆགས་པའི་རྒྱུ་རྐྱེན་དག་སྤངས་ནས་འདྲ་པོ་ཡོད་པ་ཆགས་རྒྱུའི་རྒྱུ་རྐྱེན་ལ་བརྩོན་རོགས། དེ་འདྲ་གནང་བ་ཡིན་ན་སློབ་གྲྭ་འདི་ཡང་མགོ་མཇུག་ཡོད་པ་དང་། མཚན་མཐོང་ཡོད་པ་ཞིག་དང་། སློབ་ཕྲུག་ཡིན་པ་ཡིན་ནའང་བོད་གསར་འཛུགས་སྐྲུན་བྱེད་པོ་ལ་རེ་བ་བྱེད་འོས་པ་ཞིག་ཆགས་པ་འདུག
ཐུགས་རྗེ་ཆེ།
No comments:
Post a Comment